From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒྱ་ཤུག
|
Tibetan Definition
|
2 མཐེ་བོང་གི་ཚོད་ཙམ་པའི་ཤིང་ཏོག་ལྗང་སེར་ཞིག འདི་མ་སྨིན་པའི་ཚེ་ཁ་དོག་ལྗང་སེར་དང་། སྨིན་ན་དམར་པོར་འགྲོ། བུ་སྟོན་ཆོས་འབྱུང་ལས། ལོ་དྲུག་ཏུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་ཏིལ་འབྲུ་གཅིག་དང་རྒྱ་ཤུག་འབྲུ་གཅིག་དང་འབྲས་འབྲུ་གཅིག་གིས་ལོ་དྲུག་ཏུ་དཀའ་བ་སྤྱད་དེ་དབུགས་རྒྱུ་བ་བཅད་དེ་བཞུགས་སོ། །ཞེས་སྟོན་པ་ཐུགས་རྗེ་ཅན་སྔོན་ལོ་དྲུག་ཏུ་དཀའ་བ་སྤྱོད་ཚེ་ཏིལ་འབྲུ་གཅིག་དང་རྒྱ་ཤུག་འབྲུ་གཅིག་དང་འབྲས་འབྲུ་གཅིག་གིས་དཀའ་བ་སྤྱད་གསུང་བའི་རྒྱ་ཤུག་དེ་འདི་རང་ཡིན་པར་བཤད། འདི་ཤིང་ཏོག་འདི་ཧ་ཅང་ཞིམ་པ་ཞིག་ནི་མིན། ཁོ་བོ་ནི་ཤིང་ཏོག་འདི་ཟ་སྙིང་ཡེ་མི་འདོད། འདི་ལ་རྒྱ་གར་བས་ “བ་དར་ཕལ” ཟེར། “ཕལ” ནི་རྒྱ་གར་གྱི་སྐད་ལ་ཤིང་ཏོག་གི་མིང་ངོ་། །རྒྱ་ཤུག་གི་འབྲུའི་སྐད་དོད་བདར་ཕ་ལཾ་ཞེས་པ་བྱེ་བྲག་རྟོགས་བྱེད་ཆེན་པོ་༨༤བ༣ན་གསལ། ཕྱི་རྒྱལ་བས་Jujube fruit ཟེར། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྲང་ལམ་སོགས་སུ་ཆེས་འབོལ་པོ་ཡོད། ལུང་ཞུ་བ་ལས་རྒྱ་ཤུག་གི་བཏུང་བ་ཡང་གསུངས་ཏེ། ལུང་ཞུ་བ་༼ པ་པ ༽༡༧༢ན༦ལས། བཏུང་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དྲང་སྲོང་ཀཻནྱཡ་ཞེས་བྱ་བ་ལས་ཏེ་དགེ་སློང་རྣམས་ལ་བཏུང་བ་རྣམ་པ་བརྒྱད་རྗེས་སུ་གནང་སྟེ། དེ་དག་གང་ཞེ་ན། འདི་ལྟ་སྟེ། ཤིང་ཏོག་ཙོ་ཙའི་དང་། མོ་ཙའི་དང་། རྒྱ་ཤུག་གི་དང་། འབྲ་གོའི་དང་། བ་རུ་ཤ་དང་། ཨཤྭཏྠའི་དང་། ཨུདུམ་བཱ་རའི་དང་། རྒུན་འབྲུམ་གྱི་སྟེ། བཏུང་བ་རྣམ་པ་བརྒྱད་པོ་འདི་དག་ནི་དགེ་སློང་རྣམས་ལ་གནང་གིས། ཞེས་རྒྱ་ཤུག་གི་བཏུང་བ་གསུངས་པས་ཀྱང་ཤུག་པ་མིན་པར་ཤེས་ནུས་སོ། །ཤིང་ཏོག་འདི་ལ་བོད་དབུས་པས་ཆི་བི་ཁ་དང་ཨ་མདོས་ཙོལ་རི་ཟེར་གྱི་ཡོད་ཚུལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་གསུངས་ཏེ། རྒྱ་ཤུག་དེ་ཤུག་པ་ཡིན་པའི་སྒྲོས་བཅངས་ནས་ཡོད། ཕྱིས་སུ་མཐོང་དུས་བ་དར་ཤིང་འབྲས་མཐེ་བོང་ཙམ་པ་ལྗང་སེར་མར་ཁུའི་བྲོ་བ་ཞིག་འདུག ཁམ་རུས་དེ་རང་རེའི་ཤིང་ཏོག་ཙོལ་རི་ལ་འདྲ་བ་འདུག་པས་དེའི་རིགས་ཤིག་ཡིན་ནམ་སྙམ་པ་བྱུང་། ལོ་གཅིག་ལྷག་ཙམ་སོང་སྟེ་པཊལེ་པརྟར་ཡོད་དུས་རྒྱ་ཤུག་གི་འབྲས་བུ་ཞིག་བཟས་པའི་ལྷག་མ་རྡོག་པོ་གཉིས་ཆ་སྒམ་ཞིག་གི་ཟུར་དུ་ལུས་པ་ལ་དོ་སྣང་ཡེ་མ་བྱས་ཟླ་བ་གསུམ་ཙམ་ཞིག་གི་རྗེས་སུ་འགའ་ཞིག་ལེན་ཞར་ལ་ཆ་སྒམ་གྱི་ཟུར་ནས་ཕ་ཡུལ་ནས་འོངས་པའི་ཤིང་ཏོག་ཙོལ་རི་དམར་སེང་བ་གཉིས་འདུག་པ་མཐོང་། ཡ་མཚན་པ་ལ་ཚོད་མ་བྱུང་། གྲོགས་འགའ་རེ་ལ་ཁྱེད་ཚོས་འདི་གང་ནས་ཁྱེར་འོངས་སྨྲས་པས། ཁོང་ཚོས་ཁྱེར་འོངས་པ་ཡིན་ཟེར། གཅིག་བཟས་པས་ཁམ་རུས་མཐོང་དུས་དྲན་པ་སོས། སྔར་ལུས་པའི་རྒྱ་ཤུག་གི་འབྲས་བུར་འདུག དེས་ན་རྒྱ་ཤུག་དེ་རང་རེའི་ཙོལ་རི་དང་བོད་དབུས་པས་འཕྱི་བིས་ཁར་འབོད་པའི་ཤིང་འབྲས་དམར་པོ་ཨ་མདོ་ན་ཅི་བས་ཀྱང་མང་བ་དེར་འདུག འོན་ཀྱང་རྒྱ་གར་བས་དེ་སྐམ་པ་སོགས་ཡེ་བྱེད་ཀྱིན་མི་འདུག རྒྱ་ཤུག་སྨིན་པ་ལྟ་བུའི་མཆུ་སྒྲོས་སོགས་ལེགས་སྦྱར་ལ་བྲིས་པ་མཐོང་ཞིང་དགའ་བོ་མངལ་གནས་ཀྱི་མདོར་ཡང་རྒྱ་ཤུག་གི་མདོག་དམར་པོར་བཤད་པ་དང་ཡང་འབྲེལ། བྱང་སེམས་དཀའ་བ་སྤྱོད་པ་ན་རྒྱ་ཤུག་འབྲུ་རེ་བཟས་བྱ་བ་ཡང་ཤུག་ཏོག་བཟས་པ་མིན་འདུག ཚིགས་བཅད་ཀྱི་མཛོད་ལས་ཀྱང་། ངན་གཡོ་ཚིག་སྙན་རྒྱ་ཤུག་གི། འབྲས་བུ་མངར་ཡང་འཁྲུ་བར་བྱེད། །གསུངས་པས་ཀྱང་ཤུག་ཏོག་མིན་པ་ཤེས། རྒྱ་ཤུག་གི་སྡོང་པོ་ཆེན་པོ་ཐོག་ཚད་གཉིས་ཙམ་པ་ལ་ལོ་མ་ཆུང་ངུ་མཐའ་སྐོར་དུ་རྩིབས་ཆགས་པ་མཚོན་གང་སོགས་ཅི་རིགས་པར་ཡོད། ཡལ་གའི་ལྕུག་མ་ལ་ཚེར་མ་ཆུང་ངུ་དེ་ལོ་མའི་གསེབ་ཏུ་ཡིབ་སྟེ་མི་མངོན་པས་མི་ངན་པས་རང་བཞིན་རྒྱ་ཤུག་གི་ཚེར་མ་ལྟ་བུ་སོགས་ཀྱང་ཟེར།
|