9536

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱན་དྲུག་མཆོག་གཉིས
Tibetan Definition 1 (དགེ་ལུགས) འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ནི། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་བ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་པོ། དཔལ་ཆོས་ཀྱི་གྲགས་པ་དང་དྲུག་གོ། དེ་རྣམས་ལ་རྒྱན་ཞེས་བརྗོད་པའི་རྒྱུ་མཚན་ནི། འཛམ་གླིང་མཛེས་པར་བྱེད་པའི་ཆ་ནས་རྒྱན་ཞེས་བརྗོད་ཀྱང་། དོན་དུ་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་བྱེད་པའི་ཆ་ནས་རྒྱན་ཞེས་བྱའོ། །སྤྱིར་རྒྱན་ལ་རང་བཞིན་གྱི་རྒྱན། མཛེས་བྱེད་ཀྱི་རྒྱན། གསལ་བྱེད་ཀྱི་རྒྱན། དགའ་བའི་རྒྱན་དང་བཞི་ཡོད་པའི་ནང་ནས་གསལ་བྱེད་ཀྱི་རྒྱན་ནོ། །ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས། དེ་རྣམས་སོ་སོའི་དུས་སྐབས་ལ་ལྟོས་ཏེ། བསྟན་པ་གསལ་བར་བྱེད་པའི་མཛད་པ་མཉམ་པས་རྒྱན་དྲུག་ཅེས་གྲགས་སོ། །ཞེས་གསུངས་པ་ལྟར་རོ། །མཆོག་གཉིས་ནི། དབྱིག་གཉེན་སློབ་མ་འདུལ་བ་རང་ལས་མཁས་པ་ཡོན་ཏན་དང་། དེའི་སློབ་མ་ཤཱཀྱ་འོད་གཉིས་སོ། །རྒྱན་དྲུག་ནི་རྗེ་བཙུན་རེད་མདའ་བས་མཁའ་མཉམ་མ་ལས་གསལ་བར་གསུངས་ལ། མཆོག་གཉིས་ནི། ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོར་ལ་ཕྱག་འཚལ། །ཞེས་པ་ཙམ་ལས་མ་བྱུང་ཡང་། དོན་ཐོབ་ཀྱིས་ཡོན་ཏན་འོད་དང་། ཤཱཀྱ་འོད་གཉིས་ལ་གོ་དགོས་པ་ཡིན། རྗེ་ཙོང་ཁ་པ་ཆེན་པོའི་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ལ་བསྟོད་པ་ལས་ཀྱང་དེ་ལྟར་གསུངས་ཏེ། དེ་ཉིད་ལས། མཐའ་བྲལ་ལྟ་བས་ཆོས་ཀུན་སྟོང་པར་གཟིགས། །ཡང་དག་རིགས་པས་རྒོལ་ངན་དྲེགས་པ་འཇོམས། །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་བརྩེ། །འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ལ་ཕྱག་འཚལ། །རྣམ་བཀྲའི་གཟུགས་ལ་མིག་གིས་ལྟ་བ་བཞིན། །རྣམ་མང་རྒྱལ་བའི་གསུང་རབ་ཇི་སྙེད་ལ། །རྣམ་དག་མཁྱེན་པ་ཐོགས་པ་མེད་འཇུག་པ། །ཐོགས་མེད་སྐུ་མཆེད་ཞབས་ལ་ཕྱག་འཚལ་ལོ། །གནས་གསུམ་གཞན་བྱའི་དེ་ཉིད་མ་ལུས་པ། །ཚད་མ་གསུམ་གྱི་གཏན་ལ་ཕབ་པའི་དོན། །སྒྲུབ་དང་སུན་འབྱིན་ངག་གིས་འདོགས་མཛད་པ། །རིགས་པའི་དབང་ཕྱུག་གཉིས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུའི་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །ཞེས་གསུངས་པ་ལྟར་རོ། །འདི་ནི་རིགས་རུས་ཕུན་སུམ་ཚོགས་པའི་མངའ་བདག་བདག་པོ་གྲགས་པ་རྒྱལ་མཚན་པས་བསྐུལ་བའི་དོན་དུ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ། །རྗེའི་གསུང་ཐོར་བུ་ཤོག་གྲངས་༤བ༢ན་གསལ། འདིར་ཚིག་ཟིན་ལ་རྒྱན་ལྔ་དང་མཆོག་གཉིས་མ་གཏོགས་མི་གསལ་ལོ། །མཆོག་གཉིས་ཀྱི་ཐ་སྙད་ནི་བོད་ཀྱིས་བཏགས་ཤིང་། སྔོན་རྒྱ་གར་ན་རྒྱན་དྲུག་མ་གཏོགས་མཆོག་གཉིས་ཀྱི་ཐ་སྙད་མེད་ཅེས། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས་གསུངས་ཏེ། དེ་ཉིད་༨ལས། མཆོག་གཉིས་རྒྱ་གར་ཡུལ་ན་གྲགས་པ་མེད། །རྒྱན་དྲུག་མཆོག་གཉིས་ཞེས་བྱར་བོད་ཀྱིས་བཏགས། །ཞེས་གསུངས་པའི་ཕྱིར་རོ། །