9544

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་ཆེན་རིགས་བཞི
Tibetan Definition འདོད་ལྷ་རིགས་དྲུག་གི་ཡ་གྱལ་ཞིག་སྟེ། ཡུལ་འཁོར་སྲུང་། འཕགས་སྐྱེས་པོ། སྤྱན་མི་བཟང་། རྣམ་ཐོས་སྲས་དང་བཞིའོ། །འདི་དག་གི་གནས་ནི། རི་རབ་ལ་ཆུའི་མཚམས་ཡན་ཆད་ན་བང་རིམ་བཞི་ཡོད་ཅིང་། སྟེང་ནས་རིམ་བཞིན་བང་རིམ་དང་པོ་ལ་ནི་གནོད་སྦྱིན་ལག་ན་གཞོང་ཐོགས་ཞེས་བྱ་བ་གནས་སོ། །གཉིས་པ་ལ་ནི་ཕྲེང་ཐོགས་གནས་སོ། །གསུམ་པ་ལ་ནི་རྟག་ཏུ་མྱོས་གནས་སོ། །བང་རིམ་བཞི་པ་ལ་ནི་རྒྱལ་པོ་ཆེན་བོ་བཞི་དང་དེའི་འཁོར་རྣམས་གནས་སོ། །སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར། སྟོན་པས་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་ལ་བསྟན་པ་ཉེ་བར་གཏད་ཅིང་། ལྷ་ཆེན་པོ་དེ་དག་གིས་ཀྱང་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་སོ། །དེ་ཡང་མདོ་སྡེ་ལས་བརྒྱ་པ་མདོ་༼ཧ་པ༽༢༦༧ན༡ལས། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དགོངས་པ་བསྐྱེད་དེ། ཀྱེ་མ་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་དང་རྣམ་ཐོས་ཀྱི་བུ་རྣམས་ང་ལ་ལྟར་འོངས་ནས་ལེགས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཅི་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞིའི་ལྷའི་ནང་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་དེ་དག་གིས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུཏྤལ་དང་ཀུ་མུ་ད་དང་པད་མ་དཀར་པོ་རྣམས་ཀྱིས་གཏོར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ། དེར་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་བཀའ་སྩལ་པ། དབང་པོ་དག་དེ་བཞིན་གཤེགས་པ་ནི་རིང་པོར་མི་ཐོགས་པར། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། ཁྱོད་ཀྱིས་བསྟན་པ་བསྲུང་བར་གྱིས་ཤིག དབང་པོ་དག་ལོ་སྟོང་འདས་པའི་འོག་ཏུ་བསྟན་པ་ནུབ་ཏུ་ཆ་བའི་ཚེ། འཇིག་རྟེན་ན་ཆོས་མ་ཡིན་པའི་ཤས་ཆེ་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ལས་ཡོངས་སུ་ཉམས་པར་གྱུར་པ་ན། འཛམ་བུའི་གླིང་དུ་མི་བདེ་བའི་རླུང་ལྡང་བར་འགྱུར་ཏེ། མི་བདེ་བའི་རླུང་ལངས་པས་ཆར་འབབ་པར་མི་འགྱུར་རོ། །ཆར་མ་བབ་པས་ཆུ་ཀླུང་དང་ཁྲོན་པ་རྣམས་ཆུ་ཉུང་བར་འགྱུར་ཞིང་ཤིང་ལྗོན་པ་རྣམས་ཀྱང་མེ་ཏོག་དང་འབྲས་བུ་མེད་པར་འགྱུར་རོ། །ལོ་ཏོག་རྣམས་ཀྱང་འབྲས་བུ་མེད་པ་དང་མཐུ་མེད་པར་འགྱུར་ལ། དེ་དག་ཀྱང་སེར་བས་མེད་པར་བྱེད་དོ། །འབྲུ་རྣམས་ཀྱང་མ་རུང་བར་གྱུར་པས་མུ་གེ་འབྱུང་བར་འགྱུར་རོ། །མུ་གེ་བྱུང་ནས་མི་རྣམས་ཟས་སུ་ཁྲེ་རྒོད་ཟ་བར་འགྱུར་ཏེ། ཉམ་སྟོབས་ཆུང་ཞིང་གཟི་བརྗིད་ཆུང་བར་འགྱུར་རོ། །ཤ་ཀའི་མི་དང་ཡ་བ་ན་དང་བ་ལྷི་ཀ་དང་རྒྱལ་པོ་དང་ཆོམ་རྐུན་གྱིས་འཇིག་རྟེན་རྣམས་ལ་གནོད་པ་བྱེད་པར་འགྱུར་རོ། །ཤ་ཀའི་མི་དང་ཡ་བ་ན་དང་བ་ལྷི་ཀ་དང་རྒྱལ་པོ་དང་ཆོམ་རྐུན་གྱིས་གནོད་པ་བྱས་ནས་དེ་བཞིན་གཤེགས་པའི་གཙུག་ཏོར་དང་མཆེ་བ་དང་ལྷུང་གཟེད་མཆོད་རྟེན་དང་འདྲ་བ་རྣམས་ཤར་ཕྱོགས་ཀྱི་ཡུལ་དུ་ཁྱེར་བའི་འོག་ཏུ་ལྷོ་ཕྱོགས་ནས་མཐའ་འཁོབ་ཀྱི་རྒྱལ་པོ་ཤ་ཀ་ཞེས་བྱ་བ་གཡོག་འཁོར་འབུམ་དང་ལྡན་པ་འོང་བར་འགྱུར་ཏེ། དགེ་འདུན་གྱི་གཙུག་ལག་ཁང་རྣམས་འཇིག་པར་བྱེད་ཅིང་། མཆོད་རྟེན་རྣམས་འདྲལ་བར་བྱེད་ལ་དགེ་སློང་རྣམས་ཀྱང་གསོད་པར་བྱེད་དོ། །ནུབ་ཕྱོགས་ནས་ནི་མཐའ་འཁོབ་ཀྱི་རྒྱལ་པོ་བ་ལྷི་ཀ་ཞེས་བྱ་བ་གཡོག་འཁོར་འབུམ་དང་ལྡན་པ་འོང་བར་འགྱུར་ཏེ། དགེ་འདུན་གྱི་གཙུག་ལག་ཁང་རྣམས་འཇིག་པར་བྱེད་ཅིང་། མཆོད་རྟེན་རྣམས་འདྲལ་བར་བྱེད་ལ་དགེ་སློང་རྣམས་ཀྱང་གསོད་པར་བྱེད་དོ། །བྱང་ཕྱོགས་ནས་ནི་མཐའ་འཁོབ་ཀྱི་རྒྱལ་པོ་ཡ་བ་ན་ཞེས་བྱ་བ་གཡོག་འཁོར་འབུམ་དང་ལྡན་པ་འོང་བར་འགྱུར་ཏེ། དགེ་འདུན་གྱི་གཙུག་ལག་ཁང་རྣམས་འཇིག་པར་བྱེད་ཅིང་། མཆོད་རྟེན་རྣམས་འདྲལ་བར་བྱེད་ལ་དགེ་སློང་རྣམས་ཀྱང་གསོད་པར་བྱེད་དོ། ། ཞེས་སོགས་དང་། ཡང་དེའི་འཕྲོ་༢༧༣ན༤ལས། དབང་པོ་དག་ཕྱི་མའི་དུས་ན་གང་དུ་བསྟན་པ་ལ་གནོད་པ་ཆེན་པོ་འབྱུང་བར་འགྱུར་བར་དེར། ཁྱེད་གཅིག་ཏུ་བསྡོམས་ལ་བསྟན་པ་བསྲུང་བར་གྱིས་ཤིག དེ་ནས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་གསོལ་པ། བཙུན་པ་བདག་གིས་ཤར་ཕྱོགས་ནས་བསྟན་པ་བསྲུང་བར་འཚལ་ལོ། །འཕགས་སྐྱེས་པོས་གསོལ་པ། བཙུན་པ་བདག་གིས་ལྷོ་ཕྱོགས་ནས་བསྟན་པ་བསྲུང་བར་འཚལ་ལོ། །མིག་མི་བཟང་གིས་གསོལ་པ། བཙུན་པ་བདག་གིས་ནུབ་ཕྱོགས་ནས་བསྟན་པ་བསྲུང་བར་འཚལ་ལོ། །རྣམ་ཐོས་ཀྱི་བུས་གསོལ་པ། བཙུན་པ་བདག་གིས་བྱང་ཕྱོགས་ནས་བསྟན་པ་བསྲུང་བར་འཚལ་ལོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་བདག་གིས་ནི། ཐམས་ཅད་ནས་བསྲུང་བར་འཚལ་ལོ། །དེ་སྐད་ཅེས་གསོལ་ནས། ཞེས་སོགས་གསུངས་སོ། །