9545

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོ
Tibetan Definition 1 གནའ་དུས་རྒྱལ་པོ་ཞེས་པ་རྒྱལ་སྲིད་ལ་དབང་སྒྱུར་མཁན་ལ་ཟེར་མོད། དེང་སང་ནི་རྒྱལ་པོ་དང་རྒྱལ་མོ་ནི་མིང་ཙམ་ལས་དངོས་འབྲེལ་གྱི་དབང་ཆ་ནི་གང་ཡང་ཡོད་མ་རེད། རྒྱལ་པོའི་མིང་གི་རྣམ་གྲངས་ནི། བཙན་པོ། རྗེ། མངའ་བདག བླ། མི་དབང་། ལྷ། ས་སྐྱོང་རྣམས་སོ། །ཞིབ་ཏུ་བཤད་ན། དེབ་ཐེར་དཀར་པོ་༡༤ལས། བཙན་པོ་དང་། རྗེ་དང་། རྒྱལ་པོ་དང་། མངའ་བདག་དང་། བླ་སོགས་ནི་སྔོན་གྱི་བརྡ་རྙིང་ཡིན་ཞིང་། ས་སྐྱོང་དང་མི་དབང་སོགས་ནི། ལེགས་སྦྱར་སྐད་ཀྱི་བྷཱུ་པཱ་ལ་དང་ན་རེནྡྲ་སོགས་བསྒྱུར་བར་འདུག་པས་བསྟན་བཅོས་ཀྱི་ཐ་སྙད་ཙམ་མོ། །དེ་མཚུངས་སྡེ་པ་བྱ་བ་ཡང་ཕྱིས་ཀྱི་ཐ་སྙད་ཡིན་ལ། དེ་ཡང་རྒྱ་གར་བ་རྣམས་རྒྱལ་པོ་ལ་དེ་བ་སྟེ་ལྷ་ཞེས་འབོད་པ་དེ་ཟུར་ཆག་ནས། ཁ་ཆེ་བ་རྣམས་ཀྱི་སྐད་དུ་བདེ་ཝང་དུ་འབོད་པའི་ཐ་སྙད་དེ་ག་ཐོག་མར་མངའ་རིས་ཆོས་རྒྱལ་ལ་ཆོ་ལོར་སྦྱར་ཞིང་། ཕྱིས་རིན་སྤུངས་སྣེའུ་གདོང་གཙང་པ་སོགས་ལ་ཡང་སྦྱར་རོ། །ཞེས་གསུངས་སོ། །སྒྲ་བཤད་ནི། ཕ་རོལ་ལས་རྒྱལ་བའི་སྟོབས་ཤུགས་ལྡན་པས་རྒྱལ་ཞེས་བྱ་ལ། སྐྱེས་པ་ཡིན་པས་ཕོའམ་པོ་ཞེས་བྱའོ། །དེབ་ཐེར་དཀར་པོ་༥༡ལས། བོད་རྣམས་མི་སྟོབས་ཤུགས་ཅན་ལ་རྒྱལ་དུ་འབོད་ཅིང་། སྐྱེས་པའི་མིང་ལ་ཕོ་ཟེར་བས། རྗེ་ལ་རྒྱལ་ཕོར་འབོད། བཙུན་མོར་ལ་མོ་སྨན་དུ་འབོད། ནང་བློན་སོགས་ལ་བློན་ཆེ་ཆུང་དུ་འབོད། ཞེས་གསུངས་པ་ལྟར་རོ། །མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ས་སྲུངས་ས་སྐྱོང་ས་གཞི་སྐྱོང་། །ས་དབང་ས་བདག་ས་ལ་སྤྱོད། །རྣམ་པར་རྒྱལ་དང་འགྲོ་བའི་དབང་། །སྐྱེ་དགུའི་བདག་པོ་འཛིན་མ་འཛིན། །མི་རྗེ་མི་བདག་མིའི་དབང་ཕྱུག མི་ཡི་དབང་པོ་མི་ཡི་འདྲེན། །གནམ་གྱི་རྒྱལ་དང་དཔུང་པ་སྐྱེས། །དམའ་སྐྱོབ་ནོར་གྱི་བློ་གྲོས་བདག །སྤྱི་བོར་དབང་བསྐུར་མིའི་མགོན་པོ། །ས་འཛིན་ས་འཚོ་སའི་དབང་ཕྱུག །རཱ་ཛཱ་རྣམས་ནི་རྒྱལ་པོ་སྟེ། །ཞེས་གསུངས་པ་ལྟར་རོ། །