9553

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོ་གཟུགས་ཅན་སྙིང་པོ
Tibetan Definition (འདུལ་བ) < བིམྦི་ས་ར> བདག་ཅག་གི་སྟོན་པ་དང་དུས་མཉམ་པར་བལྟམས་པའི་ནང་པའི་རྒྱལ་པོ་ཞིག ལེགས་སྦྱར་དུ་བིམྦི་ས་ར་ Bimbhisara ཟེར། ཕྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་ནང་པར་གྱུར། རང་གི་མངའ་རིས་རྣམས་ཆོས་བཞིན་བསྐྱངས་པས་འབངས་མི་རྣམས་ཀྱིས་ཀྱང་རྒྱལ་པོ་འདི་ལ་གུས་བཀུར་དང་དགའ་མོས་ཆེན་པོ་བྱས་སོ། །མཐར་ལྷས་བྱིན་གྱིས་ངན་སྐུལ་བྱས་ཏེ་རང་གི་བུ་རྒྱལ་པོ་མ་སྐྱེས་དགྲས་བཙོན་དུ་བཅུག་ནས་རྐང་ལག་བཅད་པ་སོགས་ཀྱི་སྡུག་སྦྱོང་དང་མནར་གཅོད་ཚད་མེད་བཏང་སྟེ་བཀྲོངས་སོ། །ལོ་རྒྱུས་ཞིབ་པར་རྒྱལ་པོ་མ་སྐྱེས་དགྲ་ཞེས་པའི་ཐད་དུ་གཟིགས། སྒྲ་བཤད་ནི། འདུལ་བ་ལུང་གཞི་༼ ག་པ ༽༢༨༡ན་༤ལས། གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བལྟམས་པ་དེ་ཉིད་ཀྱི་ཚེ་རྒྱལ་པོ་བཞི་ཡང་བུ་བཙས་ཏེ། ཞེས་དང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་རྒྱལ་པོ་པདྨ་ཆེན་པོའི་བུ་བཙས་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་ཉི་མའི་གཟུགས་ཤར་བ་ལྟར་སྣང་ཞིང་གཟུགས་ཅན་མའི་བུ་ཡིན་པས་འདིའི་མིང་གཟུགས་ཅན་སྙིང་པོ་ཞེས་བྱ་བར་གདགས་སོ་ཞེས་བཏགས་སོ། །ཞེས་གསུངས་སོ། །ཟས་གཙང་གི་སྲས་གཞོན་ནུ་དོན་གྲུབ་དང་། རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་པདྨ་ཆེན་པོའི་སྲས་གཟུགས་ཅན་སྙིང་པོ་དང་། མཉན་ཡོད་ཀྱི་རྒྱལ་པོ་ཚངས་བྱིན་གྱི་སྲས་གསལ་རྒྱལ་དང་། ཀཽ་ཤམྦཱིའི་རྒྱལ་པོ་དམག་བརྒྱ་པའི་སྲས་ཤར་པ་དང་། གྲོང་ཁྱེར་འཕགས་རྒྱལ་གྱི་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་སྲས་རབ་སྣང་རྣམས་དུས་གཅིག་ལ་བལྟམས་སོ། །འདིའི་སྐོར་འདུལ་བ་གཞི་༼ ག་པ ༽༢༨༡ན་གསལ་ལོ། །