9560

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོའི་ཁབ
Tibetan Definition 2 <རཱ་ཛཱ་གྲ་ཧཾ> (འདུལ་བ) སྔར་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་གི་ནང་གསེས་ཤིག་སྟེ། སྔོན་སྟོན་པས་ཤེར་ཕྱིན་གྱི་མདོ་ (ཤེས་རབ་སྙིང་པོ) གསུངས་པའི་གནས་དང་། ཕྱིས་འོད་སྲུང་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱས་བཀའ་བསྡུ་དང་པོ་མཛད་པའི་གནས་ཀྱང་ཡིན། འདི་ལ་རྒྱལ་པོའི་ཁབ་ཅེས་པའི་རྒྱུ་མཚན་ནི། གྲོང་མི་རྣམས་ཀྱིས་ཀླུ་གནས་པའི་ཕྱོགས་སུ་གྲོང་ཁྱེར་བརྩིགས་པས་བརྩིགས་སོ་ཅོག་ཀླུའི་རྒྱལ་པོས་བཤིག་ཅིང་། རྒྱལ་པོའི་མིང་དུ་བྱས་པ་འགའ་ཞིག་མ་བཤིག་པར་རིག་ནས། བློན་པོ་རྣམས་ཀྱིས་གྲོང་ཁྱེར་ཐམས་ཅད་ལ་རྒྱལ་པོའི་མིང་དུ་བྱས་པས་དེའི་ཕྱིར་རྒྱལ་པོའི་ཁབ་ཅེས་བརྗོད་དོ། །དེ་ཡང་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་ནང་པའི་གནས་ཆེན་ཁག་གི་གནས་ཡིག་༤༡ལས། ན་ལེནྡྲ་ནས་ར་ཇི་གི་རི་ལ་སླེབས། དེ་ནི་རྒྱལ་པོའི་ཁབ་ཡིན་ཞིང་དེར་རིས་བསྐོར་བའི་དབུས་ཀྱི་ཐང་དེ་ཐམས་ཅད་སྔོན་གྱི་གྲོང་ཁྱེར་ཆགས་པའི་ཤུལ་ཡིན། བྷར་མའི་དྷ་རྨ་སཱ་ལ་དང་ཉེ་བ་ན་སྔོན་གྱི་རྡོ་མཁར་ཆེན་པོ་ཞིག་ཡོད་པ་དེ་རྒྱལ་པོའི་ཁབ་གསར་པ་བྱ་བ་རྒྱལ་པོ་ (ཨ་ཛཱཏ་ཤཏྲུ) མ་སྐྱེས་དགྲའི་ཕོ་བྲང་གི་ཤུལ་ཡིན། ཆུ་ཚན་གྱི་གནས་དེ་ཆུ་དྲོན་གྱི་ཀུན་དགའ་རྭ་བའི་ཤུལ་དང་། ཆུ་ཚན་ཡོད་སའི་རི་དེ་རྒྱལ་པོའི་ཁབ་ཀྱི་རི་ལྔའི་ནང་གི་ (བཻ་པཱུ་ལ) རི་ངོས་ཡངས་བྱ་བ་དེ་ཡིན་ཞིང་། འོད་སྲུང་ལ་སོགས་དགྲ་བཅོམ་པ་ལྔ་བརྒྱས་བཀའ་བསྡུ་དང་པོ་མཛད་པའི་བྲག་ཕུག་ཀྱང་ཆུ་ཚན་གྱི་ཐག་ཉེ་ལ་ཡོད། ཆུ་ཚན་གྱི་རི་དེའི་ཁ་ཐུག་བྱང་ངོས་ན་ཡོད་པའི་རི་དེ་རི་བོ་སྐྱ་བསངས་བྱ་བ་དེ་ཡིན་ཞིང་། རི་འདི་གཉིས་ཀྱི་མཚམས་དེར་སྔོན་གྲོང་ཁྱེར་གྱི་རྒྱལ་སྒོ་ཡོད་པའི་རྩིག་ཤུལ་ཀྱང་ཡོད། ཆུ་ཚན་གྱི་ཐད་ནས་འོངས་པའི་ཆ་འགྲམ་བྱང་ཕྱོགས་ས་འབུར་མཐོ་བའི་ཕྱོགས་ཤིག་ཡོད་ས་དེ་ (བི་ཝུ་བན) འོད་མའི་ཚལ་གྱི་ཤུལ་ཡིན་ཞིང་དེར་སྟོན་པ་ལོ་ཤས་བཞུགས། རྒྱལ་པོའི་ཁབ་ཀྱི་བྱང་ངོས་ལ་ (གྲི་དྷ་ཀུ་ཊི) བྱ་བ་བྱ་རྒོད་ཕུང་པོའི་རི་བོ་ཡོད་ཅིང་དེ་ནི་སྟོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་གསུངས་པའི་གནས་ཡིན། བྱ་རྒོད་ཕུང་པོའི་རིའི་མདུན་གྱི་ཐང་དུ་ (སུམགདྷི) མ་གདྷ་བཟང་མོའི་རྫིང་བུའི་ཤུལ་ཡོད་ཅིང་དེ་ནས་མར་ལ་འབབ་པའི་ཆུ་དེ་ལ་ (སར་སྭ་སྟི) དབྱངས་ཅན་མའི་ཆུ་ཞེས་གྲགས་སོ། །ཞེས་སོགས་གསུངས་པས་ཞིབ་པར་དེར་བལྟ་བར་བྱའོ། །