9575

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་རིགས་ལྔ
Tibetan Definition ༡ རྣམ་སྣང་། (བཻ་རོ་ཙ་ན) ༢ རིན་འབྱུང་། (རཏྣ་སཾ་བྷ་ཝ) ༣ འོད་དཔག་མེད། (ཨ་མི་ཏ་བྷ) ༤ དོན་གྲུབ། (ཨ་མོ་གྷ་སིདྡི) ༥ མི་བསྐྱོད་པ་ (ཨཀྵོ་བྷྱ) དང་ལྔའོ། །དེ་དག་སོ་སོའི་སྐུ་མདོག་ཕྱག་མཚན་སོགས་ཀྱི་ཁྱད་པར་ནི། མི་བསྐྱོད་སྔོན་པོ་ས་གནོན་མཉམ་བཞག་མཛད། །རིན་འབྱུང་སེར་པོ་མཆོག་སྦྱིན་མཉམ་བཞག་མཛད། །སྣང་མཐའ་དམར་པོ་ཕྱག་གཉིས་མཉམ་བཞག་མཛད། །དོན་གྲུབ་ལྗང་ཁུ་སྐྱབས་སྦྱིན་མཉམ་བཞག་མཛད། །རྣམ་སྣང་དཀར་པོ་བྱང་ཆུབ་ཕྱག་རྒྱ་མཛད། །ཐམས་ཅད་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ཚུལ། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་མཛེས།། ལོངས་སྐུའི་ཚུལ་གྱི་རྒྱལ་བ་རིགས་ལྔ་དང་། །སྐུ་མདོག་ཕྱག་མཚན་གོང་དང་འདྲ་བ་ལ། །རིན་ཆེན་རྒྱན་དོར་ཆོས་གོས་རྣམ་གསུམ་གསོལ། །སྤྲུལ་སྐུའི་ཚུལ་གྱི་རྒྱལ་བ་རིགས་ལྔ་སྟེ། །རྒྱལ་བ་རིགས་ལྔ་ཟུང་ལ་ཕྱག་འཚལ་ལོ། །སྙིང་པོ་ནི་རིན་པ་བཞིན། ཨོཾ་ཨཱ་ཨཀྵོ་བྷྱ་ཧཱུྃ། ཨོཾ་ཨཱ་རཏྣ་སཾ་བྷ་ཝ་ཧཱུྃ། ཨོཾ་ཨཱ་ཨ་མི་ཏ་བྷ་ཧཱུྃ། ཨོཾ་ཨཱ་ཨ་མོ་གྷ་སིདྡི་ཧཱུྃ། ཨོཾ་ཨཱ་བཻ་རོ་ཙ་ན་ཧཱུྃ། དེ་ཡང་རྣམ་སྣང་ནི་གཏི་མུག་དང་གཟུགས་ཕུང་དག་པའི་ཆ་ལྷར་ཤར་བ་དང་། དེ་བཞིན་དུ་རིན་འབྱུང་ང་རྒྱལ་དང་ཚོར་ཕུང་རྣམ་དག འོད་དཔག་མེད་འདོད་ཆགས་དང་འདུ་ཤེས་རྣམ་དག དོན་གྲུབ་ཕྲག་དོག་དང་འདུ་བྱེད་རྣམ་དག མི་བསྐྱོད་པ་ནི་ཞེ་སྣང་དང་རྣམ་ཤེས་ཀྱི་ཕུང་པོ་རྣམ་དག་ཡིན་པ་བཅས་སོ། །གཞན་ཡང་། ༡ རྣམ་སྣང་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་ལྷར་ཤར་བ་དང་། ༢ རིན་འབྱུང་མཉམ་ཉིད་ཡེ་ཤེས། ༣ མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས། ༤ འོད་དཔག་མེད་སོར་རྟོག་ཡེ་ཤེས། ༥ དོན་གྲུབ་བྱ་སྒྲུབ་ཡེ་ཤེས་ལྷར་ཤར་བ་ཡིན་ནོ། །ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་«ལྷ་མང་པོའི་སྐུ་མདོག་ཕྱག་མཚན་སོགས་གསལ་བར་ཡི་གེར་བཀོད་པ»ཞེས་བྱ་བ་དང་། «རྗེའི་འདོད་འཇོ»དང་«འགྲེལ་པ་བཞི་སྦྲགས»ལ་གཞི་བྱས་ཏེ་བཀོད། རྒྱལ་བ་རིགས་ལྔའི་སྐུ་མདོག་ཕྱག་མཚན་ཁྲི་སོགས་ཀྱི་ཁྱད་པར་གཟིགས་པར་འདོད་ན། དེ་བཞིན་གཤེགས་པ་ལྔ་ལ་བསྟོད་པ་ཞེས་བྱ་བ། སྡེ་དགེ་བསྟན་འགྱུར་བསྟོད་ཚོགས་༼ ཀ ༽༢༣༧ན༥ན་བཞུགས་སོ། །འདི་ལ་མཛད་བྱང་མི་སྣང་ངོ་། །