9580

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་སེངྒེ་ང་རོ
Tibetan Definition རྗེ་བཙུན་ཙོང་ཁ་པ་ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་དེ་ལ། རྒྱལ་བ་སེངྒེ་ང་རོ་ཟེར། མཁས་གྲུབ་ཆོས་རྗེའི་རྣམ་དག་གངས་རི་མ་ལས། དེ་ནས་དེར་ནི་བདེ་གཤེགས་དབང་པོའི་ཏོག །སྐུ་ལས་འོད་ཟེར་བྱེ་བ་འབུམ་འགྱེད་ཅིང་། །འཛུམ་ལྡན་ཞལ་གྱིས་བདག་གི་དགེ་བའི་བཤེས། །སྙིང་སྟོབས་ཆེ་དེ་འདི་ལྟར་ལུང་བསྟན་མཛད། །ཁྱོད་ནི་དེང་ནས་བརྩམས་ཏེ་མ་དག་པའི། །གྲངས་མེད་ཞིང་དུ་རྡོ་རྗེ་ཐེག་པའི་ལམ། །ཟབ་མོ་དབུ་མའི་ལྟ་བས་ཡོངས་བཟུངས་པ། །རྒྱས་བྱེད་རླབས་ཆེན་སྤྱོད་པ་རྫོགས་བྱས་ཏེ། །སངས་རྒྱས་ཞིང་མང་བརྒལ་བའི་བྱང་ཤར་མཚམས། །ངོ་མཚར་རྨད་བྱུང་བཀོད་པའི་འཇིག་རྟེན་དུ། །དེ་བཞིན་གཤེགས་པ་སེངྒེ་ང་རོ་ཞེས། །མངོན་པར་རྫོགས་པར་མྱུར་དུ་འཚང་རྒྱ་འགྱུར། །བསྐལ་པ་དཔག་མེད་ཐ་མལ་སྐུ་ཡི་ཚད། །དཔག་ཚད་གཅིག་པ་མརྒད་མདོག་ལྟ་བུ། །དཔག་ཚད་དུ་མའི་འོད་ལྡན་ཕྱག་གཡས་ནི། །ཆོས་འཆད་གཡོན་པ་མཉམ་གཞག་ལ་གནས་པ། །བདུད་རྩིས་གང་བའི་ལྷུང་བཟེད་དེ་དབུས་ན། །བདུད་རྩིའི་འོད་ལྡན་མཆོད་སྡོང་ཆེར་འཕགས་ཤིང་། །གྲངས་མེད་འོད་ཟེར་འགྱེད་པ་ལྷག་གེར་གསལ། །ཞེས་སོགས་གསུངས་སོ། །ཚུལ་འདི་དག་ནི་ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་སྒྲིབ་མེད་རྒྱུན་ཆགས་སུ་འབྱུང་བ་ལྟར་རྗེ་བླ་མའི་མཛད་པ་རྣམ་ཐར། སྐུ་ཚེ་སྔོན་མའི་སྐྱེས་རབས། མ་འོངས་པ་ན་འཚང་རྒྱ་བའི་མཛད་པ་ཇི་ལྟར་སྟོན་སོགས་ཡང་ཡང་གསོལ་བ་བཏབ་ནས་ཞུས་པ་ན། རྗེ་བཙུན་འཇམ་དཔལ་དབྱངས་ཉིད་ཀྱིས་དངོས་སུ་ལུང་བསྟན་པའི་ཚད་མའི་གསུང་བསླུ་བ་མེད་པ་ཡིན་ནོ། །ཞེས་རྗེའི་རྣམ་ཐར་ཆེན་མོ་ལས་གསུངས་སོ། །