9583

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་བཙུན་མོའི་གཙོ་མོ་གསུམ
Tibetan Definition (འདུལ་བ) བདག་ཅག་གི་སྟོན་པ་སྔོན་ཁབ་ཏུ་བཞུགས་པའི་དུས་ཀྱི་བཙུན་མོའི་གཙོ་མོ་གསུམ་ནི། གྲགས་འཛིན་མ། ས་འཚོ་མའམ་སྦེད་མ། རི་དྭགས་འཛིན་མ་དང་གསུམ་མོ། །དེ་ཡང་དང་པོ་གྲགས་འཛིན་མ་ནི། (གྲགས་འཛིན་མ་ཕྱིས་རབ་ཏུ་བྱུང་སྟེ་སྟོན་པའི་ཉན་ཐོས་སུ་གྱུར་ཏེ་དགྲ་བཅོམ་མར་གྱུར། དམ་ཆོས་པདྨ་དཀར་པོའི་མདོ་ལས། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་དགེ་སློང་མ་དྲུག་སྟོང་དང༌། སྒྲ་གཅན་ཟིན་གྱི་མ་དགེ་སློང་མ་གྲགས་འཛིན་འཁོར་དང་བཅས་པ་དང་ཐབས་གཅིག་གོ། ཞེས་གསུངས་སོ) གཉིས་པ་ས་འཚོ་མའམ་སྦེད་མ་ནི། (དོགས་གཅོད། འཇུ་མི་ཕམ་རིན་པོ་ཆེའི་སྐད་གཉིས་ཤན་སྦྱར་༡༠༨བ་༤ལས། ས་འཚོ་མ་ཞེས་པ་གྲགས་འཛིན་མ་ལ་གོ་བ་ཤས་ཆེ། ཞེས་དང་། ཡང་དེ་ཉིད་ལས། ས་འཚོ་མ་ཞེས་པ་གྲགས་འཛིན་མ་ལ་མི་གོ་བར། སྦེད་མ་ལ་གོ་མཁན་མང་དུ་འདུག་པས་ཐེ་ཚོམ་གཅོད་པའི་ཕྱིར་ཡིན་ནོ། །ཞེས་གསུངས། འོན་ཀྱང་ས་འཚོ་མ་ནི་གྲགས་འཛིན་མ་ལ་མི་གོ་བར་སྦེད་མ་ལ་གོ་དགོས་ཏེ། འདུལ་བ་ལུང་གཞི་པོད་༼ ང་པ ༽༩ན་༡ལས། བདག་ལ་གཞན་དག་གཞོན་ནུ་ཤཱཀྱ་ཐུབ་པ་ན་སྐྱེས་པ་མ་ཡིན་ཏེ། གང་གི་ཕྱིར་གྲགས་འཛིན་མ་དང་། ས་འཚོ་མ་དང་། རི་དྭགས་སྐྱེས་དང་། བུད་མེད་དྲུག་ཁྲི་སྤངས་ནས་རབ་ཏུ་བྱུང་ངོ་ཞེས་གཞི་དེས་ཁ་ཟེར་བར་འགྱུར་དུ་འོང་གི། ཞེས་གྲགས་འཛིན་མ་དང་། ས་འཚོ་མ་གཉིས་ཐ་དད་དུ་གསུངས་པའི་ཕྱིར། ས་འཚོ་མ་ཞེས་པ་གྲགས་འཛིན་མ་ལ་གོར་མི་རུང་ངོ་། །དེ་བཞིན་དུ་འདུལ་བ་ལུང་གཞི་པོད་༼ ག་པ ༽ནང་དེ་གཉིས་ཐ་དད་ཡིན་པའི་ཚུལ་རྒྱས་པར་གསུངས་ཡོད་དོ། །དེས་ན་ས་འཚོ་མ་ནི་སྦེད་མ་ལ་གོ་བར་བྱའོ) གསུམ་པ་རི་དྭགས་སྐྱེས་དང་གསུམ་མོ། །