9585

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བུ་རྒྱལ་བྱེད
Tibetan Definition <ཛེ་ཏ་ཀུ་མཱ་ར> (འདུལ་བ) རྒྱལ་བྱེད་ཅེས་བྱ་བའི་རྒྱལ་པོའི་སྲས་ཤིག་གི་མིང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་ཐོག་མའི་བདག་པོའི་མིང་ཡིན། ཕྱིས་ནགས་ཚལ་དེ་མགོན་མེད་ཟས་སྦྱིན་ལ་བཙོང་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཞེས་ཡོངས་སུ་གྲགས་པ་དེ་གྲུབ་པ་ཡིན་ནོ། །འདི་ལ་ཛེ་ཏ་ཀུ་མཱ་ར་ Jeta Kumāra ཟེར། ནགས་ཚལ་ལམ་ཀུན་དགའ་བ་འདིའི་བདག་པོ་ངོ་མ་མགོན་མེད་ཟས་སྦྱིན་ཡིན་ཀྱང་། ཚལ་དེའི་མིང་བཏགས་པ་ན། བཅོམ་ལྡན་འདས་ཀྱིས་དགོས་པའི་དབང་གིས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ། ཞེས་རྒྱལ་བུའི་མིང་སྔོན་དུ་སྨོས་པ་ཡིན་ནོ། །དེ་ཡང་འདུལ་བ་ལུང་གཞི་༼ ག་པ ༽ལས། བཅོམ་ལྡན་འདས་ཉིད་ཀྱི་ཡན་ལག་ལྡ་དང་ལྡན་པའི་གསུང་དབྱངས་ཀྱིས་རྒྱལ་བྱེད་ཀྱི་ཚལ་བརྗོད་པར་མཛད་དེ། རྒྱལ་བྱེད་ཀྱི་ཚལ་བརྗོད་པ་མཛད་པ་ན་གཞོན་ནུ་རྒྱལ་བྱེད་ཀྱིས་བསམས་པ། ཀྱེ་མ་བཅོམ་ལྡན་འདས་ཀྱིས་དེར་བདག་གིས་མིང་ཐོག་མར་སྨོས་ཀྱང་ཅི་མ་རུང་སྙམ་པ་དང༌། བཅོམ་ལྡན་འདས་ཀྱིས་གཞོན་ནུ་རྒྱལ་བྱེད་ཀྱི་བསམ་པ་ཐུགས་སུ་ཆུད་ནས། དགེ་སློང་དག་འདི་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཡིན་ནོ་ཞེས་དེར་མིང་ཐོག་མར་སྨོས་པར་མཛད་དོ། །གཞོན་ནུ་རྒྱལ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་དེར་བདག་གི་མིང་ཐོག་མར་སྨོས་པ་མཛད་པ་ཐོས་ནས་ཤིན་ཏུ་དགའ་བར་གྱུར་ཏེ། དགའ་བ་དང་རབ་ཏུ་དགའ་བ་སྐྱེས་པ་དེས་ནོར་གྱི་རིགས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཕྱིར་རིན་པོ་ཆེ་སྣ་བཞིའི་སྒོ་ཁང་བྱེད་དུ་བཅུག་གོ །དེ་བཞིན་དུ་སྡུད་པ་བྱེད་པ་རྣམས་ཀྱིས་ཀྱང་མདོ་སྡེའི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་གདགས་པར་བྱས་སོ། །ཞེས་སོགས་གསུངས་སོ། །