9592

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་མཚན
Tibetan Definition 2 ཟླ་ཚེས་དང་རིན་པོ་ཆེ་དང་རྡོ་རྗེ་དང་ལྡན་པའི་རྩེ་མོ་ཅན་གྱི་རིན་པོ་ཆེའི་དབྱུག་པ་ལ་བཅིངས་ཤིང་། དྲིལ་བུ་འཁྲོལ་བ་བཅིངས་པའི་དར་ལྕེ་གསུམ་པ་རྩེ་མོ་ལ་རི་དྭགས་ཀྱི་རྒྱལ་པོ་དང་ངང་པའི་རྒྱལ་པོ་དང་ཀླུ་ཟ་བ་དང་ཉ་སྤུ་རྒྱས་པ་དང་། ཆུ་སྲིན་གྱིས་མཚན་པ་རླུང་གིས་བསྐྱོད་པས་སུམ་ཁུགས་སུ་འཁྱོག་ཅིང་འགྱིང་བའི་ཆ་བྱད་ཅན་ནོ། །སྲོག་ཆགས་ཀྱི་མཚན་མ་བྱེད་པའི་རྩེ་མོ་ནི་དར་ལྕེའི་རྩེ་མོའོ། །ཞེས་རྗེའི་སྔགས་རིམ་ཆེན་མོ་གསུང་། འདུལ་བ་མདོར་ཡང་སེངྒེ་རྐང་པ་བརྒྱད་པ་དང་། ཉ་སྤུ་རྒྱས་པ་སོགས་སྲོག་ཆགས་གཉིས་འདུས་ཀྱི་གཟུགས་ཁྱད་པར་བས་མཚན་པའི་རྒྱལ་མཚན་གསུངས་པ་བཞིན་ཡིན་པས། མཚན་མ་དེ་འདྲ་ཡོད་པ་རྒྱལ་མཚན་དང་། མེད་པ་བ་དན་དུ་འཇོག་ལ། གཉིས་ཀའང་དར་ལྕེ་གསུམ་པ་ཡོངས་གྲགས་ཀྱི་འཕན་ལྟ་བུ་ཞིག་ཡིན། འདི་ཡོངས་གྲགས་ཀྱི་བོད་པའི་རྒྱལ་མཚན་དང་བཟོ་དབྱིབས་མི་འདྲའོ། །རྗེ་ཙོང་ཁ་པ་ཆེན་པོའི་བདེ་མཆོག་གི་མཆོད་འཕྲེང་ལས། དྲང་ཞིང་ལྡེམ་པའི་རིན་ཆེན་ཡུ་བ་ནི། །ཟླ་ཕྱེད་རྡོ་རྗེ་རིན་ཆེན་རྩེ་མོ་ཅན། །དར་ལྕེ་གསུམ་པ་རླུང་གིས་བསྐྱོད་པ་ན། སིལ་སིལ་འཁྲོལ་བའི་དྲིལ་ཆུང་སྒྲ་སྒྲོགས་ཤིང་། །སུམ་ཁུགས་འཁྱོག་གི་འགྱིང་དང་རབ་ཏུ་ལྡན། །མཛེས་པའི་སྲོག་ཆགས་མཚན་མ་ཡོད་མེད་ཀྱི། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་དང་། །རབ་མཛེས་བ་དན་རྣམས་ཀྱིས་མཆོད་པར་བྱ། །ཞེས་གསུངས་པ་ལྟར་རོ། །རྒྱལ་མཚན་ལ་དབྱེ་ན། སློབ་དཔོན་ཡོན་ཏན་འོད་ཀྱི་རང་གི་རྣམ་བཤད་ལས། རྒྱལ་མཚན་གཟུགས་སོ། །དེ་ནི་རྣམ་པ་བཞིའོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་རྒྱལ་མཚན་ནོ། །སེང་གེའི་རྒྱལ་མཚན་དང་ཆུ་སྲིན་གྱི་རྒྱལ་མཚན་དང། ཀླུའི་རྒྱལ་མཚན་དང། ཁྱུ་མཆོག་གི་རྒྱལ་མཚན་ནོ། །ཞེས་གསུངས་པ་ལྟར་རོ། །