9638

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུད
Tibetan Definition <ཏནྟྲ> སྤྱིད་རྒྱུད་ཅེས་པ་རྒྱུན་དང་། རྒྱུན་ཆགས་པ། འབྲེལ་བའམ་འབྲེལ་ཆགས་པ་བཅས་ལ་ཟེར། ལེགས་སྦྱར་གྱི་ཏནྟྲ་ཞེས་པ་ནི་ཐད་སྒྱུར་བྱས་ན་ “ཏན” ལུས་དང་ “ཏྲ” སྐྱོབ་པ་སྟེ་ལུས་སྐྱོབ་ཅེས་བྱ་སྟེ། བཻ་སྔོན་ལས། ཏན་ཞེས་བྱ་བ་ནི། ཏ་ནུ་ “तनु” ལུས་དང་ཏྲ་ཡ་སྐྱོབ་པ་ལ་འཇུག་པའི་དབང་གིས་ལུས་སྐྱོབ་པ་ཞེས་པ་སྟེ། དེ་འདྲ་བའི་དོན་ཟབ་མོ་གཞུང་འདི་ཉིད་ལས་རྒྱུན་མི་ཆད་པར་གནས་པའི་དོན་གྱིས་རྒྱུད་ཅེས་བྱེད་ལས་ཀྱི་སྒོ་ནས་བཏགས་པ་ཡིན་ནོ། །ཞེས་གསུངས་སོ། །ལེགས་སྦྱར་གྱི་ཏནྟྲ་སྟེ་ལུས་སྐྱོབ་ཅེས་པའི་ཚིག་དང་བསྟུན་ན་གསོ་བ་རིག་པའི་རྒྱུད་བཞི་ལ་རྒྱུད་ཅེས་བཏགས་པ་འདི་ཤིན་ཏུ་ལེགས་ཏེ། སྨན་གཞུང་འདི་དག་གིས་ལུས་ནད་སོགས་ཀྱི་ཉེར་འཚེ་ལས་སྐྱོབ་པའི་ཐབས་སྟོན་པའི་ཕྱིར་རོ། །རྒྱ་གར་ཡུལ་སྐད་ལའང་ “ཏན” ཞེས་པ་ལུས་དང་། “མན” ཞེས་པ་སེམས་ལ་ཟེར་བས་སོ། །1 (དགེ་ལུགས) རྒྱུད་ལ་དབྱེ་ན། བརྗོད་བྱ་དོན་གྱི་རྒྱུད་དང་། རྗོད་བྱེད་ཚིག་གམ་གཞུང་གི་རྒྱུད་གཉིས་ཡོད། དང་པོ་ལ། གཞིའི་རྒྱུད་ (འདི་ལ་རྒྱུའི་རྒྱུད་ཅེས་ཀྱང་ཟེར་རོ) ། ལམ་གྱི་རྒྱུད་ (འདི་ལ་ཐབས་ཀྱི་རྒྱུ་ཅེས་ཀྱང་ཟེར་རོ) ། འབྲས་བུའི་རྒྱུད་ (འདི་ལ་མི་འཕྲོག་པའི་རྒྱུད་ཅེས་ཀྱང་ཟེར་རོ) དང་གསུམ་མོ། །གཞིའི་རྒྱུད་ནི། ཤིན་ཏུ་ཕྲ་བའི་རླུང་སེམས་དང་དེ་ཡི་ཆོས་ཉིད་ལྟ་བུ། ལམ་གྱི་རྒྱུད་ནི། བསྐྱེད་རྫོགས་ཀྱི་ལམ་ལྟ་བུ། འབྲས་བུའི་རྒྱུད་ནི། སློབ་པ་དང་མི་སློབ་པའི་ལམ་ལྟ་བུའོ། །ཡང་བཤད་ཚུལ་གཞན་ཞིག་ལ། གཞིའི་རྒྱུད་རྩ་རླུང་ཐིག་ལེའི་རྣམ་གཞག ལམ་གྱི་རྒྱུད་བསྐྱེད་རྫོགས་ཀྱི་ལམ། འབྲས་བུའི་རྒྱུད་ཟུང་འཇུག་གི་གོ་འཕང་དང་གསུམ་ལ་བྱའོ། ། 2 སེམས། སེམས་རྒྱུད། སེམས་ཀྱི་རྒྱུན། དཔེར་ན་རྒྱུད་དག་མ་དག་ཅེས་པ་ལྟ་བུ།  3 རིས་སམ་རིགས་ཀྱི་དོན། དཔེར་ན་འགྲོ་བ་རིགས་ལྔ་ལ་རྒྱུད་ལྔའི་འགྲོ་བ་ཞེས་པ་ལྟ་བུ།  4 སྐུད་པ། དཔེར་ན་སྒྲ་སྙན་གྱི་བྱེ་བྲག་ཏམྦུ་ར་ལ་རྒྱུད་མངས་ཟེར་བ་ལྟ་བུ། ཐང་སན་ཙང་གི་ལམ་ཡིག་ལས་ཀྱང་། སྟོན་པས་བཀའ་བསྩལ་བ་ཁྱོད་ཁྱིམ་ན་གནས་པའི་ཚེ་རིག་པ་འགའ་ལ་རྩལ་ཐོན་ནམ། ཞུས་པ་པི་ཝང་ལ་མཁས་པར་གྲགས་ལགས་སོ། །བཀའ་བསྩལ་པ་པི་ཝང་བརྡུང་བའི་ཚེ་རྒྱུད་ཧ་ཅང་གྲིམ་དྲགས་ན་རྒྱུད་འཆད་ལ། ཧ་ཅང་ལྷོད་དྲགས་ན་སྒྲ་སྙན་པོ་མི་འབྱུང་བ་དེ་བཞིན་དུ། ཉམས་ལེན་ཀྱང་གྲིམ་ལྷོད་འཚམ་པར་གྱིས་ཤིག་གསུང་ངོ༌། །དེ་ལྟར་ཉམས་སུ་བླངས་པས་ཚེགས་མེད་པར་དགྲ་བཅོམ་ཐོབ་བོ། །ཞེས་གསུངས་པ་ལྟར་རོ། ། 5 རིམ་པའི་དོན་ལའང་འཇུག་པར་སེམས། དཔེར་ན་རྒྱུད་ཆགས་གསུམ་པ་ཞེས་པ་ལྟ་བུ། ཞིབ་པར་འོག་ཏུ་རྒྱུན་ཆགས་གསུམ་པ་ཞེས་པའི་ཐད་དུ་གཟིགས། 6 (བཀའ་བརྒྱུད) ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རང་བཞིན་གྱིས་འོད་གསལ་བ་གང་ཡིན་པའོ། །སྒྲ་བཤད་ནི། འདི་ཉིད་ཐོག་མ་མེད་པའི་དུས་ནས་སངས་རྒྱས་ཀྱི་བར་དུ་རྒྱུན་མི་འཆད་པས་རྒྱུད་དམ་རྒྱུན་ཆགས་པ་ཞེས་བྱའོ། །ཞེས་གསུང་ངོ་། །