9647

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུད་བླ་མ
Tibetan Definition བྱམས་ཆོས་སྡེ་ལྔའི་ནང་གསེས་ཤིག མཚན་དངོས་ནི། རྒྱ་གར་སྐད་དུ། མཧཱ་ཡ་ན་ཨུཏྟ་ར་ཏནྟྲ་ཤཱསྟྲ། བོད་སྐད་དུ། ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་ཞེས་བྱའོ། །བོད་སྔ་རབས་པ་རྣམས་བཀའ་བར་པའི་དགོངས་འགྲེལ་དང་། ལྟ་བ་རང་རྒྱུད་སྟོན་པར་བཞེད། རྗེ་བཙུན་གྲགས་པ་རྒྱལ་མཚན། མཉམ་མེད་དྭགས་པོ་ལྷ་རྗེ་རྗེས་འབྲངས་དང་བཅས་པ་རྣམས་ཀྱིས་དབུ་མའི་གཞུང་དུ་བཞེད། བུ་སྟོན་རིན་ཆེན་གྲུབ་བཀའ་ཐ་མའི་དགོངས་འགྲེལ་དང་། ལྟ་བ་དབུ་སེམས་གང་རུང་བསྟན་པར་གསུངས། རྗེ་ཙོང་ཁ་པ་ཆེན་པོས་ཐལ་འགྱུར་བའི་ལྟ་བ་སྟོན་པར་བཞེད། ཅེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་ན་གསལ། སྒྲ་བཤད་ནི། ཐེག་པ་ཆེན་པོའི་རྒྱུད་བླ་མ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་མདོ་སྡེ་ཕྱི་མ་ཞེས་བྱ་བའི་དོན་ཡིན་ལ། འདིའི་རྒྱུད་ཅེས་པ་མདོ་རྒྱུད་ཅེས་པའི་རྒྱུད་ལ་མི་གོ་བར་མདོ་སྡེ་ཙམ་ལ་གོ་དགོས། བླ་མ་ནི་ཕྱི་མའི་དོན་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ཕྱི་མའམ་ཐ་མ་ཞེས་བྱ་བའི་དོན་ནོ། །ཐེག་པ་ཆེན་པོའི་མདོ་སྡེ་ཕྱི་མའམ་ཐ་མ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་ཟེར་ལ། དེ་ལ་ཕྱི་མའམ་ཐ་མ་ཞེས་པ་ནི་གཟུངས་རྒྱལ་ནས་གསུངས་པའི་འཁོར་ལོ་ཐ་མ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཞིང་། དེ་ལྟ་བུའི་མདོའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཡིན་པས། ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་ཞེས་བྱའོ། །དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དེ། གཟུངས་རྒྱལ་ནས་གསུངས་པའི་འཁོར་ལོ་ཐ་མ་ཡིན་པ་ནི། རྒྱུད་བླ་མ་ལས། སླར་ཡང་བླ་མའི་རྒྱུད་འདིར་ནི། །ཉེས་པ་ལྔ་དག་སྤངས་པའི་ཕྱིར། །ཞེས་པའི་ཐད་ཀྱི་རྒྱུད་བླ་དར་ཊཱིཀ་ལས། སླར་ཡང་བླ་མའི་རྒྱུད་དེ་རྒྱུད་ཕྱི་མ་འཁོར་ལོ་ཐ་མ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ། ཞེས་གསུངས་པའི་ཕྱིར། བུ་སྟོན་རིན་པོ་ཆེ་ལྟར་ན། རྒྱུད་ཕྱི་མ་ཞེས་པ་འཁོར་ལོ་ཐ་མ་མདོ་སྡེ་དགོངས་འགྲེལ་ལ་ངོས་འཛིན་པར་མཛད་དོ། །གོང་དུ་བཤད་པ་ལྟར་འདིའི་རྒྱུད་ཅེས་པ་མདོ་རྒྱུད་ཅེས་པའི་གསང་སྔགས་ཀྱི་གཞུང་ལ་གོ་རྒྱུ་མིན་པར། སེམས་ཀྱི་ཆོས་ཉིད་ལ་བརྗོད་བྱ་དོན་གྱི་རྒྱུད་དང་། དེ་སྟོན་པའི་གཞུང་ལ་རྗོད་བྱེད་ཚིག་གི་རྒྱུད་ཅེས་པའི་ཚིག་གི་རྒྱུད་ལ་གོ་དགོས། འོ་ན་སེམས་ཀྱི་ཆོས་ཉིད་ལ་རྒྱུད་ཅེས་བརྗོད་པའི་རྒྱུ་མཚན་གང་ཡིན་ཞེ་ན། སེམས་ཀྱི་ཆོས་ཉིད་ནི་ཐོག་མ་མེད་པ་ནས་རང་རྒྱུད་ལ་རང་ཆས་སུ་རྒྱུན་ཆགས་པར་ཡོད་པས་རྒྱུད་ཅེས་བརྗོད་དོ། །འདིའི་སྐོར་རྗེ་གུང་ཐང་པའི་སྐབས་དང་པོའི་མཐའ་གཅོད་ཀྱི་མཆན་འགྲེལ་དུའང་ཟུར་ཙམ་འབྱུང་བས་དེར་བལྟའོ། །བྱམས་ཆོས་སྡེ་ལྔའི་ནང་གི་རྒྱུད་བླ་མ་རྩ་བ་དང་། དེ་ཡི་རྣམ་བཤད་ཐོགས་འགྲེལ་དང་བཅས་པས། དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་བསྟན་པ་ཡིན་ལ། རྒྱུད་བླ་མ་འདིའི་བཤད་བྱ་རྩ་བའི་མདོ་ནི་ལྔ་སྟེ། ༡ གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང་། ༢ དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་། ༣ ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་བྱང་ཆུབ་སེམས་དཔའི་གྲགས་པའི་བཤེས་གཉེན་གྱི་ཆུང་མ་ལྷ་མོ་དཔལ་ཕྲེང་གིས་ཞུས་པའི་མདོའམ་དཔལ་སེངྒེ་སྒྲའི་མདོ། ༤ ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བ་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་དང་། ༥ སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱས་པའི་མདོ་དང་ལྔ་པོ་འདི་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོ་ཡིན། འཇམ་དཔལ་དགའ་བའི་བློ་གྲོས་ཀྱིས་བྱང་སེམས་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་དང་དྲུག་ཏུ་བྱས་ན་ཡང་རུང་གསུངས། འདིའི་སྐོར་ཞིབ་པར་ཀློང་རྡོལ་བླ་མའི་གསུང་འབུམ་པོད་དང་པོ་༤༡༨ན་གསལ་བ་ལས་ཤེས་པར་བྱའོ། །