9669

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུན་ཆགས་གསུམ་པ
Tibetan Definition རྒྱུད་ཆགས་གསུམ་པ་དང་དོན་གཅིག 1 ཕྱག་འཚལ་བའི་རྒྱུད། མདོ་འདོན་པའི་རྒྱུད། བསྔོ་བའི་རྒྱུད་དང་གསུམ་མོ། །སོ་སོར་ཐར་པའི་མདོ་ཡང་རྒྱུན་ཆགས་གསུམ་པའི་ཚུལ་དུ་གསུངས་པར་བཤད་དེ། སོ་སོར་ཐར་པའི་མདོའི་གཞུང་འགྲེལ་ལས། དེ་ལྟར་ཡང་དག་པར་སྡུད་པར་བྱེད་པས་སོ་སོར་ཐར་པའི་མདོ་ཡང་དག་པར་བསྡུ་བ་འདི་ཡང་རྒྱུད་ཆགས་གསུམ་པའི་ཚུལ་དུ་བརྩམས་པ་ཡིན་ཏེ། དང་པོར་སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་རྒལ་བ། །འགྲོ་བའི་གཙོལ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཞེས་སྨོས་པས་ནི་ཕྱག་འཚལ་བའི་རྒྱུད་བསྟན་ཏོ། །དེའི་འོག་ཏུ། ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་པར་བྱ། །ཞེས་བྱ་བ་ནས། ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་གསུངས་པའི་བར་གྱིས་ནི་མདོ་གདོན་པའི་རྒྱུད་བསྟན་ཏོ། །སོ་སོར་ཐར་པ་བཏོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག། །ཅེས་གསུངས་པས་ནི་བསྔོ་བའི་རྒྱུད་བསྟན་ཏོ། །ཞེས་གསུངས་སོ། ། 2 དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་ཅིང་ཕྱག་འཚལ་བའི་གཞུང་༼ སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ༽ཞེས་སོགས་ཀྱི་གཞུང་འདིའི་མཚན། རྒྱུད་གསུམ་ལས། (ཕྱག་འཚལ་བའི་རྒྱུད་ནི) སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། (ལན་གསུམ) གང་ཚེ་རྐང་གཉིས་གཙོ་བོ་ཁྱེད་བལྟམས་ཚེ། །ས་ཆེན་འདི་ན་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པས་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་པའི་བར་རོ། ། (མདོ་འདོན་པའི་རྒྱུད་ནི) སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སྐར་མ་རབ་རིབ་མར་མེ་དང་། །སྒྱུར་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །ཞེས་པའི་བར་རོ། ། (བསྔོ་བའི་རྒྱུད་ནི) བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་དང་ན་དང་འཆི་བའི་རླབས་འཁྲུགས་པའི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། ཞེས་པའི་བར་རོ། །སྒྲ་བཤད་ནི། འདི་ལ་ཕྱག་འཚལ་བ་སོགས་ཀྱི་རིམ་པ་གསུམ་ཡོད་པས་རྒྱུན་ཆགས་སམ་རྒྱུད་ཆགས་གསུམ་པ་ཞེས་བརྗོད་པར་སྙམ་མོ། །དོགས་གཅོད། འདི་ལ་རྒྱུན་ཆགས་གསུམ་པ་དང་། རྒྱུད་ཆགས་གསུམ་པ། རྒྱུན་ཕྱག་གསུམ་པ་ཞེས་འབྲི་ཚུལ་མི་འདྲ་བ་གསུམ་ཙམ་འབྱུང་བའི། །དང་པོ་གཉིས་དག་ལ་ཕྱི་མ་ནོར་རོ། །རྒྱུ་མཚན་ནི། འདིའི་རྒྱུན་དང་རྒྱུད་ཅེས་པ་དོན་གཅིག་ཡིན་ལ། དེ་ཡང་དང་པོ་ཕྱག་འཚལ་བའི་རྒྱུད། གཉིས་པ་མདོ་འདོན་པའི་རྒྱུད། གསུམ་པ་བསྔོ་བའི་རྒྱུད་དང་གསུམ་ལ་ཟེར་བའི་ཕྱིར་རོ། །མདོ་རྩ་བ་ལས། མཇུག་ཏུ་རྒྱུན་ཆགས་གསུམ་པ་གདོན་ནོ། །ཞེས་གསུངས། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། རྒྱུན་ཆགས་གསུམ་པ་གདོན་པར་བྱའོ་ཞེས་བྱ་བ་ནི་འགྱེས་ཀར་དཀོན་མཆོག་གསུམ་གྱི་རྒྱུད་དང༌། མདོ་སྡེའི་རྒྱུད་དང༌། བསྔོ་བའི་རྒྱུད་ཆགས་གསུམ་གདོན་པར་བྱའོ། །དེ་ཡང་དཔེར་ན་ཀུན་ཏུ་རྒྱུ་དག་གི་རིལ་པའི་གཞི་ཤིང་བུ་གསུམ་ལ་བརྟེན་པ་དང་འདྲ་བར་དམ་པའི་ཆོས་གདོན་པའི་གཞི་ནི་རྒྱུན་ཆགས་གསུམ་པོ་འདི་ཡིན་པས་དེའི་ཕྱིར་རྒྱུན་ཆགས་གསུམ་ཞེས་བྱ་བའོ། །སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་ཊཱིཀ་ལས། རྒྱུན་ཆགས་གསུམ་ནི། དང་པོར་དཀོན་མཆོག་ལ་ཕྱག་འཚལ་བ། བར་དུ་མདོ་འདོན་པ། མཐར་བསྔོ་བ་བྱ་བ་དང་གསུམ་མོ། །ཞེས་གསུངས་པ་ལྟར་རོ། །