9744

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེའི་མཛད་ཆེན་བཞི
Tibetan Definition ༡ འོལ་ཁ་རྫིང་ཕྱིའི་བྱམས་པའི་སྐུ་ལ་ཞིག་གསོ་རབ་གནས་མཛད་པ་མཛད་ཆེན་དང་པོ། ༢ གཉལ་གྱི་གསེར་ཕྱེ་འབུམ་པར་ལུང་ར་ཆེན་མོ་ཞེས་པའི་ཆོས་འཆད་ཉན་གྱི་སྲོལ་འཛུགས་པར་མཛད་པ་མཛད་ཆེན་གཉིས་པ། ༣ ལྷ་སའི་ཇོ་བོ་ལ་དབུ་རྒྱན་ཕུལ་བ་དང་། ལྷ་ལྡན་སྨོན་ལམ་ཆེན་མོ་འཛུགས་པར་མཛད་པ་ནི་མཛད་ཆེན་གསུམ་པ། ༤ དགའ་ལྡན་སྒྲུབ་མཆོད་ཆེན་མོ་འཛུགས་པར་མཛད་པ་ནི་མཛད་ཆེན་བཞི་པ་ཡིན་ནོ། །དེ་ཡང་རྗེའི་རྣམ་ཐར་ཆེན་མོ་ལས། ཡང་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་གྱི་ནང་ཚན་མཛད་ཆེན་བཞིར་གྲགས་པ་དེ་གང་དང་གང་ཞིག་སྙམ་ན། སྔར་གོང་དུ་བཀོད་པ་དེ་དག་ལས་དགུང་ལོ་སོ་དྲུག་པར་འོལ་ཁ་རྫིང་ཕྱིའི་བྱམས་པའི་སྐུ་ཤིན་ཏུ་འོ་བརྒྱལ་བ་གཟིགས་ནས་རྟེན་དང་བརྟེན་པར་བཅས་ལ་ཞིག་གསོ་བླ་ན་མ་མཆིས་པར་མཛད་ཅིང༌། རབ་ཏུ་གནས་པའི་ཚེ་སངས་རྒྱས་རབ་བདུན་དངོས་སུ་བྱོན་ཏེ་བྲིས་སྐུ་ལ་ཐིམ་པ་དང་མར་མེ་འཛིན་པ་སོགས་ལྟས་ངོ་མཚར་བ་དུ་མ་བྱུང་བ་དང་བཅས་པ་ནི་མཛད་ཆེན་དང་པོ་དང༌། དགུང་ལོ་སོ་དགུ་པ་ལ་གཉལ་གྱི་གསེར་ཕྱེ་འབུམ་པར་མཆོད་པ་ཆེན་པོ་དང་འདུལ་བའི་ཆོས་མང་དུ་གསུངས་ཤིང༌། ལྟུང་བྱེད་ཉེས་བྱས་དང་བཅས་པར་བཤགས་པ་དང༌། སྐྱེ་བོའི་ཚོགས་རྣམས་ཀྱང་བསྙེན་གནས་དང་སྐྱབས་འགྲོའི་སྡོམ་པ་ལ་སྦྱར་ཞིང༌། སྐྱ་སེར་ཐམས་ཅད་ཀྱིས་ས་ཚྭ་འདེབས་པ་སོགས་ལུང་ར་ཆེན་མོར་གྲགས་པ་མཛད་པ་ནི་མཛད་ཆེན་གཉིས་པ་དང༌། དགུང་ལོ་ང་གཉིས་པའི་ནང་ལྷ་ལྡན་གཙུག་ལག་ཁང་རྟེན་གསུམ་དང་བཅས་པར་ཞིག་བསོ་ཕུལ་ཕྱིན་དང༌། ང་གསུམ་པར་ཆོ་འཕྲུལ་དུས་ཆེན་དང་འབྲེལ་བར་ཇོ་ཤཱཀ་རྣམ་གཉིས་སོགས་ལ་དབུ་རྒྱན། ན་བཟའ། མཆོད་རྫས་སོགས་བཟང་ཞིག་ཕུལ་དུ་ཕྱིན་པ་དང༌། ཚེས་གཅིག་ནས་བཅོ་ལྔའི་བར་རྟེན་རྣམས་ལ་མཆོད་པ་རྒྱ་ཆེན་པོ་དང༌། དགེ་འདུན་འདུས་པའི་སྡེ་ལ་བསྙེན་བཀུར། སྐྱེ་བོ་ཕོངས་པའི་ཚོགས་ལ་སྦྱིན་གཏོང་སོགས་རྣམ་དཀར་མཆོད་སྦྱིན་རྒྱ་ཆེན་པོ་དང༌། །མཐའ་དབུས་ཀྱི་འགྲོ་བ་བགྲང་བ་ལས་བརྒལ་བ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པ་སོགས་འཕགས་པའི་ཡུལ་གྱི་བྱུང་བ་དང་མཐུན་པའི་ལྷ་ལྡན་སྨོན་ལམ་ཆེན་མོར་གྲགས་པ་འཛུགས་པར་མཛད་པ་ནི་མཛད་ཆེན་གསུམ་པ་དང༌། དགུང་ལོ་ང་དགུ་པ་ལུག་གི་ལོ་ལ་ཡངས་པ་ཅན་གྱི་གཙུག་ལག་ཁང་བསྐྲུན་ཅིང་གསང་འདུས། བདེ་མཆོག །རྡོར་དབྱིངས་རྣམས་ཀྱི་དཀྱིལ་འཁོར་བློས་བསླངས་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པ་གསར་དུ་བཞེངས་པའི་ཚེ་འཇའ་ཚོན་མ་དང༌། རང་འབྱོན་ལ་སོགས་པའི་རྟེན་ངོ་མཚར་ཅན་དུ་མ་བྱོན་ཞིང༌། རབ་ཏུ་གནས་པའི་ཚེ་ལྟས་ངོ་མཚར་ཅན་མང་དུ་བྱུང་བ་དང༌། དཀྱིལ་འཁོར་དེ་དག་དང་འབྲེལ་བའི་སྒྲུབ་མཆོད་ཀྱི་ཆོ་ག་རྒྱུད་སྡེའི་དགོངས་པ་བཞིན་གྱི་ཕྱག་ལེན་རྣམ་པར་དག་པས་བརྒྱན་པ་དགའ་ལྡན་སྒྲུབ་མཆོད་ཆེན་མོར་གྲགས་པ་འཛུགས་པར་མཛད་པ་ནི་མཛད་ཆེན་བཞི་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །