9752

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་གོ
Tibetan Definition མདོ་མྱ་ངན་ལས་འདས་པ་ཆེན་པོ་༼ ཉ་པ ༽༣༢ན་༤ལས། ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ན་བ་ལང་གི་རྗེས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང་མ་རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ཏོ། །ཞེས་སོགས་གསུངས་པའི་རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་གོཞེས་པའི་དོན་གང་ཡིན་ཞེ་ན། དེ་ནི་བརྟན་པ་དང་ཡིད་ཆེས་འོས་པ་དང་མི་བསླུ་བ་བཅས་ཀྱི་དོན། དཔེར་ན་ཁྱུ་མཆོག་གི་རྗེས་སུ་ཞུགས་ཏེ་སོང་ན་གཡང་སར་ཟག་པ་སོགས་ཀྱི་གནོད་པ་མི་འབྱུང་ཞིང༌། རྩྭ་ཆུ་སོགས་དང་ལེགས་པར་འཕྲད་ཅིང༌། རང་འདོད་པའི་ཕྱོགས་སུ་དཀའ་ཚེགས་མེད་པར་སླེབས་འགྲོ་ཞིང༌། ར་ལུག་སོགས་ཀྱི་རྗེས་སུ་ཞུགས་ན་དེ་ལྟ་མིན་པས། བརྟན་པ་དང་ཡིད་ཆེས་པ་དང་མི་བསླུ་བ་བཅས་ཀྱི་དོན་ཡིན་པར། རྗེ་གུང་ཐང་པའི་མདོ་རྒྱན་སྦྱར་བའི་བཤད་པའི་ཟིན་བྲིས་ན་གསལ། རྗེ་གུང་ཐང་པའི་སྐབས་དང་པོའི་མཐའ་སྤྱོད་ཀྱི་མཆན་འགྲེལ་དུའང་དེ་དང་འདྲ་བར་གསུངས། དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་༢༢ན༥ལས། རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་གོ །ཞེས་པའི་དོན་ལ། བ་ལང་དང་གླང་པོ་ཆེ་ལ་སྐད་དོད་ཐུན་མོང་བ་ཡོད་པས་ན། གླང་པོ་ཆེ་སོང་བའི་རྗེས་ཤུལ་དེ་ལམ་འཕྲང་དོག་པ་སོགས་ཀྱིས་འཇིགས་པ་མེད་པས་བདེ་བར་ཕྱིན་ཆོག་པས་ན་མཆོག་ཏུ་གྱུར་པ་ཡིན་ཞེས་གསུངས་པ་དང་། ཡང་བ་ལང་གི་ཁྱུ་མཆོག་ནི་ཅང་ཤེས་ཡིན་པས་དེ་སོང་བའི་རྗེས་ལ་ཕྱིན་ན་འཇིགས་སྐྲག་སོགས་མེད་པའི་ལམ་བདེ་བར་འཁྲིད་པའི་དོན་ནོ། །ཞེས་གསུངས།