From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྟག་མཐའ
|
Tibetan Definition
|
(དབུ་མ) ཡོད་མཐའམ། རང་བཞིན་གྱིས་ཡོད་པ་ལ་ཟེར། དཔེར་ན་བདག་རྟག་པར་གྲུབ་པ། སྤྱི་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་རྟག་པ་ཡིན་པ། ནམ་མཁའ་རྟགས་རྫས་སུ་གྲུབ་པ་སོགས་སོ། །རྩ་ཤེ་ལས། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །ཅེས་གསུངས་སོ། །སྒྲ་བཤད་ནི། འདི་ལ་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ནི། འཇིག་རྟེན་ན་གཡང་ཁ་ལ་མཐའ་ཞེས་བརྗོད་པ་དང་འདྲ་བར་ལྟ་ངན་གྱི་གཡང་དུ་ལྷུང་ན་རང་ཉིད་ཕུང་བར་འགྱུར་བས་མཐའ་ཞེས་མིང་བཏགས་ལ། ཡང་འདི་ལ་རྟག་པའི་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ནི། རང་བཞིན་གྱིས་གྲུབ་ན་རྟག་པ་ཡིན་དགོས་པའི་གནད་ཀྱིས་ཡིན་ཏེ། མཁས་གྲུབ་ཆོས་རྗེའི་སྟོང་ཐུན་སྐལ་བཟང་མིག་འབྱེད་༥༤བ༢ལས། དེ་ཡང་སྤྱིར་མཐའ་ཞེས་བྱ་བ་ནི། འཇིག་རྟེན་ན་སའི་ཕྱོགས་གང་དུ་གོམ་པ་འཕྱན་ན་སྐྱེས་བུ་ལྷུང་ནས་ཉམས་ཉེས་པར་འགྱུར་བའི་གཡང་ཁ་ལ་མཐའ་ཞེས་བརྗོད་པ་ལྟར། འདིར་ཡང་གང་དུ་གཟུང་ན་འཛིན་པ་པོ་ལྟ་བ་ངན་པའི་གཡང་དུ་ལྷུང་ནས་ཕུང་བར་འགྱུར་བའི་གནས་ལ་མཐའ་ཞེས་བརྗོད་དེ། དེ་ལ་ཡོད་མཐའ་དང་མེད་མཐའ་གཉིས་སོ། །ཞེས་གསུངས་པ་ལྟར་རོ། །ཡོད་མཐའ་ལ་རྟག་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ནི། དེ་ཉིད་༥༤བ༤ལས། དངོས་སྨྲ་བ་དག་གིས་བདག་རྟག་པར་འཛིན་པ་དང་། སྤྱི་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་རྟག་དངོས་སུ་འཛིན་པ་ལྟ་བུ་དང་། བྱེ་བྲག་སྨྲ་བས་ནམ་མཁའ་རྟག་རྫས་སུ་ཁས་ལེན་པ་སོགས་ཀྱང་རྟག་པའི་མཐར་ལྷུང་བའི་ལྟ་བ་ཡིན་མོད་ཀྱི། དངོས་སྨྲ་བ་དག་གིས་དངོས་པོ་རང་བཞིན་གྱིས་ཡོད་པར་ལྟ་བ་ནི་དངོས་སུ་དངོས་པོ་རྟག་པར་མི་སྨྲ་ཞིང་། བློ་དེ་དག་གི་འཛིན་སྟངས་ལ་དངོས་པོ་རྟག་པར་འཛིན་པ་མེད་ཀྱང་། རྟག་པའི་མཐར་ལྷུང་བ་ཡིན་ཏེ། བུམ་པ་རང་བཞིན་གྱིས་ཡོད་ན་བུམ་པ་རྟག་པ་ཡིན་དགོས་པའི་ཕྱིར་རོ། །ཇི་ལྟར་དགོས་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་ཡོད་པ་དེ་ཁྱོད་ཀྱི་རང་བཞིན་དུ་གྲུབ་པར་ཐལ། ཁྱོད་རང་བཞིན་གྱིས་ཡོད་པའི་ཕྱིར། འདོད་ན། ཁྱོད་དུས་ནམ་ཡང་མེད་པ་མི་སྲིད་པར་ཐལ། འདོད་པ་དེའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། རང་གི་རང་བཞིན་སྤངས་པའི་ཆོས་མི་སྲིད་པའི་ཕྱིར། དུས་ནམ་ཡང་མེད་པ་མི་སྲིད་པ་འདོད་ན། རྟག་ཏུ་ཡོད་པར་ཐལ་ལོ། །འདོད་ན། རྟག་པར་ཐལ་ལོ། །དེའི་ཕྱིར་རྩ་ཤེ་ལས། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པར་རྟག །ཅེས་གསུངས་པ་ཡིན་ནོ། །ཞེས་གསུངས་སོ། །
|