9823

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟགས་མཚུངས་འདྲེན་ཚུལ
Tibetan Definition (བརྡ་སྤྲོད) དེ་ནི་<<རྟགས་འཇུག་རྩ་བ>>ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །མོ་ཡིས་མོ་ཡི་མིང་མཐའ་དྲང་། །མ་ནིང་གིས་ནི་མ་ནིང་ངོ་། །ཞེས་གསུངས་པ་ལྟར། རྗེས་འཇུག་བཅུའི་ཕོ་ཡིག་གིས་མིང་གཞིའི་ཕོ་ཡིག་གི་མིང་མཐའ་འདྲེན། རྗེས་འཇུག་བཅུའི་མོ་ཡིག་གིས་མོ་ཡི་མིང་མཐའ་འདྲེན། རྗེས་འཇུག་བཅུའི་མ་ནིང་གིས་མ་ནིང་གི་མིང་མཐའ་འདྲེན་ཞེས་པའི་དོན་ནོ། །<< དཀའ་གནད་གསལ་བའི་མེ་ལོང>>ལས། རྗེས་འཇུག་ཡི་གེ་བཅུ་པོ་ཡི། །ག་ད་བ་ས་བཞི་རྣམས་ཕོ། །ཞེས་པ་ལྟར། རྗེས་འཇུག་བཅུའི་ནང་གི་ཕོ་ཡིག ག་ད་བ་ས་བཞིའི་རྗེས་སུ། མིང་གཞིའི་ཕོ་ཡིག ཀ་ཅ་ཏ་པ་ཙ་རྣམས་ཅི་རིགས་པར་འཇུག་པ་དཔེར་ན། ཅིག་ཅར། ཐད་ཀ། སྒྲུབ་པ། གཉིས་ཀ། མཁྱེནད་པ། བསྐལད་པ། ཐུགས་ཀ། བསྒྲུབས་པ། དགོངས་པ། གོམས་པ་རྣམས་ལྟ་བུའོ། །<<དཀའ་གནད་གསལ་བའི་མེ་ལོང>>ལས། ང་མ་འ་གསུམ་མོ་ཡིན་ཞིང་། །ཞེས་པ་ལྟར། རྗེས་འཇུག་བཅུའི་ནང་གི་མོ་ཡིག ང་མ་འ་གསུམ་གྱི་རྗེས་སུ། མིང་གཞིའི་མོ་ཡིག ག་ཇ་ད་བ་ཛ་ཝ་ཞ། ཟ་འ་ཡ་ཤ་ས། ང་ཉ་ན་མ། ར་ལ་ཧ་ཨ་རྣམས་ཅི་རིགས་པར་འཇུག་པ་དཔེར་ན། སྙིང་ག ཐམ་ག དགའ་བ་ལྟ་བུའོ། །<<དཀའ་གནད་གསལ་བའི་མེ་ལོང>>ལས། ན་ར་ལ་གསུམ་མ་ནིང་སྟེ། །ཞེས་པ་ལྟར། རྗེས་འཇུག་གི་མ་ནིང་། ན་ར་ལ་གསུམ་གྱི་རྗེས་སུ། མིང་གཞིའི་མ་ནིང་། ཁ་ཆ་ཐ་ཕ་ཚ་རྣམས་ཅི་རིགས་པར་འཇུག་པ་དཔེར་ན། དགུན་ཁ། དབྱར་ཁ། གསལ་ཁ་ལྟ་བུའོ། །བརྗོད་བདེ་འདྲེན་པའི་ཕྱིར་དུ་དམིགས་བསལ་ནི། ཕོས་མོ་དྲངས་པ། ཐོག་མ། ཚད་མ། ལྷས་མ་ལྟ་བུ། མོས་ཕོ་དྲངས་པ། ཁང་པ། དམ་པ། མདའ་པ་རྣམས་ལྟ་བུ། མ་ནིང་གིས་མོ་དྲངས་པ། ཐལ་མོ། སྟོན་མོ། རྒྱལ་བ། མ་ནིང་གིས་ཕོ་དྲངས་པ། མོན་པ། གསེར་ཏོག ཐེལ་ཙེ་ལྟ་བུ། བརྡ་རྙིང་གི་རྟགས་མཚུངས་འདྲེན་ཚུལ་ནི། བྲག་ཅ། དཀོན་ཅོག རིན་ཅེན། བརྡ་གསར་ལ། བྲག་ཆ། དཀོན་མཆོག རིན་ཆེན་ལྟ་བུའོ། །