9843

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟེན་ཅིང་འབྲེལ་བར་འབྱུང་བ
Tibetan Definition རྒྱུ་དང་རྐྱེན་འཚོགས་པ་ལས་སྐྱེ་བ་ཞེས་པའི་དོན་ཡིན། རྟེན་དང་། འབྲེལ་བ། འབྱུང་བ་ཞེས་པའི་ཚིག་གསུམ་གྱིས་ལོག་རྟོག་གསུམ་འགོག་པར་བྱེད་དེ། རྟེན་ཞེས་པས་རྒྱུ་མེད་པར་སྨྲ་བ། འབྲེལ་བ་ཞེས་པས་མི་མཐུན་པའི་རྒྱུར་སྨྲ་བ། འབྱུང་བ་ཞེས་པས་མེད་པར་སྨྲ་བ་གསུམ་འགོག་པར་བྱེད་དོ། །ཅུང་ཟད་ཞིབ་ཏུ་བཤད་ན། རྒྱུ་མེད་པར་སྨྲ་བ། སྲན་མ་ཟླུམ་པ་དང་ཚེར་མ་རྣོ་བ་དང་རྨ་བྱའི་མདོངས་ཀྱི་རྣམ་པ་སྣ་ཚོགས་པ་དག་སུས་ཀྱང་འབད་ནས་མ་བྱས་པ་ལྟར། སྡུག་བསྔལ་ལའང་རྒྱུ་མེད་པར་འཛིན་པ་འགོག་པ་དང་། འབྲེལ་བ་ཞེས་པས། རྒྱུ་ཡོད་ཀྱང་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་འབྱུང་བར་འཛིན་པ་འགོག་པ་དང་། མེད་པར་སྨྲ་བ་ནི། ལས་འབྲས་མེད་པར་སྨྲ་བ་སྟེ། སེར་སྣ་ཅན་ཁ་ཅིག་ཕྱུག་པ་དང་སྲོག་གཅོད་པ་ཁ་ཅིག་ཚེ་རིང་བ་མཐོང་ནས་ལས་འབྲས་མེད་དོ་ཞེས་སྐུར་པ་འདེབས་པ་འགོག་པར་བྱེད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༣༤ན༦ལས། རྟེན་ཞེས་བྱ་བ་དང་། འབྲེལ་ཞེས་བྱ་བ་དང་། འབྱུང་ཞེས་བྱ་བའི་ཚིག་གསུམ་གྱིས་རྣམ་པ་གསུམ་འགོག་པར་བྱེད་དེ། རྣམ་པ་གསུམ་ནི་རྒྱུ་མེད་པར་སྨྲ་བ་དང་། རྒྱུ་མི་འདྲ་བར་སྨྲ་བ་དང་། མེད་པར་སྨྲ་བའོ། །དེ་ལ་རྟེན་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལ་བརྟེན་ཏེ་འབྱུང་བ་ཡིན་པས་ན་འདིས་ནི་རྒྱུ་མེད་པ་སྨྲ་བ་འགོག་པར་བྱེད་དོ། །འབྲེལ་བ་ཞེས་བྱ་བའི་སྒྲ་ནི་མཐུན་པ་ལ་བྱ་སྟེ། རྒྱུ་དང་འབྲས་བུ་མཐུན་པས་ལས་སྐྱེའི་མི་མཐུན་པ་ལས་མི་ཡིན་ཏེ། དཔེར་ན་མ་རིག་པ་ལས་འདུ་བྱེད་འབྱུང་གི །དབང་ཕྱུག་དང་བྱེད་པ་པོ་ལས་མི་འབྱུང་བ་འདིས་ནི་མི་མཐུན་པའི་རྒྱུར་སྨྲ་བ་འགོག་པར་བྱེད་དོ། །འབྱུང་བའི་སྒྲ་ནི་རྒྱུ་དང་འབྲས་བུ་བར་ཆད་མེད་པར་སྐྱེ་བ་ལ་བྱ་སྟེ། འདིས་ནི་མེད་པར་སྨྲ་བ་འགོག་པར་བྱེད་དོ། །ཞེས་གསུངས་སོ། །སྒྲ་སྦྱོར་བམ་གཉིས་ལས།པྲཏིཏྱསམུཏྤདཞེས་བྱ་བ་པྲཏིཏནི་རྟེན་པའམ་རྐྱེན་དུ་གྱུར་པ་ལ་བྱ། སཾ་ནི་སཾབནྡྷ་སྟེ་འབྲེལ་བ་ལ་བྱ། ཨུཏྤཏྟ་ (མ་དཔེར་ཨུཏྤཏྟ་ཞེས་ཡོད་ཀྱང་ཨུཏྤད྄ “उत्पद्” ཡིན་ནམ་སྙམ) ནི་སྐྱེ་བའི་ཚིག་སྟེ་ཕྱི་ནང་གི་ཆོས་རྣམས་རང་དབང་དུ་མི་སྐྱེའི། རྒྱུ་དང་རྐྱེན་ཚོགས་པ་ལས་སྐྱེ་སྟེ་སྔ་མ་སྔ་མའི་རྒྱུ་ལ་བརྟེན་ནས་ཕྱི་མ་ཕྱི་མ་གཞན་གྱིས་བར་མ་ཆོད་པར་འབྱུང་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ། ཞེས་གསུངས་པ་ལྟར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བའམ་ཚིག་བསྡུས་ན་རྟེན་འབྱུང་ཞེས་བྱ་ལ། དེའི་དོན་མི་འདྲ་བ་རྣམས་ཟུར་ཙམ་བཤད་ན། རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ལ་རྟེན་འབྱུང་དང༌། རང་གི་ཆ་ཤས་ལ་བརྟེན་ནས་འབྱུང་བའམ་གྲུབ་པ་ལ་རྟེན་འབྱུང༌། རང་གི་གདགས་གཞི་ལ་བརྟེན་ནས་བཏགས་ཙམ་གྱིས་གྲུབ་པ་ལ་རྟེན་འབྱུང་ཞེས་གོ་བ་བླང་ཚུལ་གསུམ་ལས། དང་པོ་གྲུབ་མཐའ་འོག་མ་དང་ཐུན་མོང་བ། གཉིས་པ་རང་རྒྱུད་པ་དང་ཐུན་མོང་བ། གསུམ་པ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ནོ། །