9849

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟེན་འབྲེལ་ཡན་ལག་བཅུ་གཉིས
Tibetan Definition མ་རིག་པ། འདུ་བྱེད། (ལས) རྣམ་ཤེས། (དེ་གསུམ་ལ་འཕེན་བྱེད་ཀྱི་ཡན་ལག་ཟེར) མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། (དེ་བཞི་ལ་འཕངས་པའི་ཡན་ལག་ཟེར) སྲེད་པ། ལེན་པ། སྲིད་པ། (དེ་གསུམ་ལ་འགྲུབ་བྱེད་ཀྱི་ཡན་ལག་ཟེར) སྐྱེ་བ། རྒ་ཤི་བཅས་སོ། ། (དེ་གཉིས་ལ་གྲུབ་པའི་ཡན་ལག་ཟེར་རོ) ཡན་ལག་བཅུ་གཉིས་ཀྱི་སྡོམ་ནི། མ་རིག་འདུ་བྱེད་རྣམ་པར་ཤེས། །མིང་དང་གཟུགས་དང་སྐྱེ་མཆེད་དྲུག །རེག་ཚོར་སྲིད་ལེན་སྲིད་པ་དང། །སྐྱེ་བ་དང་ནི་རྒ་ཤིའོ། །ཞེས་མཚོ་ཊཱིཀ་ལས་འབྱུང་བ་ལྟར་རོ། །སྲིད་པ་འཁོར་ལོའི་དཔེ་རིས་ཀྱི་འགྲེལ་བཤད་ཅེས་པའི་ཐད་དུ་གཟིགས། རྗེ་གུང་ཐང་པས་ཡན་ལག་བཅུ་གཉིས་པོ་དཔེ་དང་སྦྱར་ནས་གོ་བདེ་བ་ཞིག་གསུངས་འདུག་པ་འདི་ལྟར། གྲུབ་མཐའ་བཞིའི་འདོད་ཚུལ་སོགས་དྲིས་ལན་སྣ་ཚོགས་ཀྱི་སྐོར་ཞལ་ལུང་བདུད་རྩིའི་ཐིགས་ཕྲེང་ཞེས་བྱ་བ་ལས། སྲིད་པའི་རྩ་བ་མ་རིག་ཞིང་པ་ཡིས། །ལས་ཀྱི་ས་བོན་རྣམ་ཤེས་ཞིང་དུ་བཏབ། །སྲེད་དང་ལེན་པའི་ཆུ་ལུད་ཀྱིས་གསོས་པས། །ས་བོན་སྟོབས་རྒྱས་སྲིད་པའི་ངོ་བོར་འཕོས། །དེ་ལས་སྐྱེ་བའི་རང་བཞིན་མིང་གཟུགས་ཀྱི། །མྱུ་གུ་འབུས་ཤིང་སྐྱེ་མཆེད་སྡོང་བུར་འདྲིལ། །རེག་པའི་མེ་ཏོག་ཚོར་བའི་འབྲས་སྨིན་ཡང་། །རྒ་ཤིས་བརྔས་ཏེ་སླར་ཡང་སྲིད་པར་འདེབས། །ཇི་སྲིད་བདག་མེད་མེ་ཡིས་མ་བཅོམ་པ། །དེ་སྲིད་སྐྱེ་ཤིའི་འཁོར་ལོ་བསྐོར་དགོས་པས། །གནས་ལུགས་ཟབ་མོད་བག་ཆགས་ཅི་ཐེབས་ཀྱིས། །སྲིད་པའི་རྩ་བ་དྲུང་ནས་འབྱིན་པར་ཤོག །ཞེས་གསུངས་སོ། །འདི་སཱ་ལུ་ལྗང་པའི་མདོ་ལ་གཞི་བྱས་པར་སྣང་སྟེ། རྗེའི་ལམ་རིམ་ཆེན་མོ་ལས། སཱ་ལུ་ལྗང་པའི་མདོ་ལས་ནི་ཡན་ལག་བཅུ་གཉིས་སྡུད་པའི་རྒྱུ་བཞི་གསུངས་ཏེ། མ་རིག་པའི་འདེབས་པ་པོས་ལས་ཀྱི་ཞིང་ལ་རྣམ་ཤེས་ཀྱི་ས་བོན་བཏབ་པ་དེ་སྲེད་པའི་ཆུས་བརླན་པར་བྱས་ནས་མའི་མངལ་དུ་མིང་གཟུགས་ཀྱི་མུ་གུ་འགྲུབ་པར་བཤད་དོ། །ཞེས་གསུངས་པས་སོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དཔེ་རིས་ཀྱི་ཁུངས་ནི། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་སོ་གཅིག་པ། ཡང་ཡང་ཟ་བའི་ལྟུང་བྱེད་འཆད་པའི་སྐབས་ཀྱི། འདུལ་བ་ལུང་རྣམ་འབྱེད་༼ ཇ ༽༡༡༤བ༤ན་ཡོད་ཅིང་། དེ་བཞིན་དུ་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༤༩བ༢ དང་། འདུལ་བ་མདོ་རྩ་བ། མཚོ་ཊཱིཀ་སྨད་ཆ། གཞན་ཡང་སློབ་དཔོན་ཡོན་ཏན་འོད་ཀྱི་མདོ་རྩ་བ་དང་དེའི་རང་འགྲེལ་ལས་ཀྱང་གསལ་བར་གསུངས་ཏེ། མདོ་རྩ་བ་ལས། སྒོ་ཁང་དུ་འཁོར་བའི་འཁོར་ལོའོ། །ཆ་ལྔ་པར་བྱའོ། །སྟེང་དུ་ལྷ་དང་མི་རྣམས་སོ། །གླིང་བཞི་པོ་དག་གོ། རྫུས་ཏེ་སྐྱེ་བའི་སེམས་ཅན་ཟོ་ཆུན་རྒྱུད་མོ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་ངོ་། །དབུལ་སུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཕུག་རོན་དང་སྦྲུལ་དང་ཕག་གི་རྣམ་པར་རོ། །སྔ་མ་དེ་གཉིས་གཏི་མུག་གིས་ཟ་བར་རོ། །ཁོ་ར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང། ཐམས་ཅད་མི་རྟག་པ་ཉིད་ཀྱིས་གཟུང་བར་རོ། །སྟེང་དུ་སངས་རྒྱས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་ཉེ་བར་སྟོན་པའོ། །འོག་ཏུ་བརྩམ་པར་བྱ་ཞིང་འབྱུང་བར་བྱ་ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་སོ། །ཞེས་གསུངས་སོ། །རྟེན་འབྲེལ་ཡན་ལག་ལུང་འབྱུང་དང་ལུགས་ལྡོག་གི་སྐོར་རྣམས། འདུལ་བ་ལུང་གཞི་༼ ཀ་པ ༽༡༠༩ན༢ནའང་གསུངས་སོ། །