9854

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོག་གེ
Tibetan Definition <ཏརྐཿ> 1 འོལ་ཚོད། ཚོད་དཔག རྟོག་བཏགས་བཅས་ཀྱི་དོན་ཡིན། རྟོག་གེའི་སྐད་དོད་ལ་ལེགས་སྦྱར་དུ་”ཏརྐཿ “ तर्कः ཞེས་པ་དང་། “ཏརྐ྄” तर्क् ཞེས་པའི་འབྲི་ཚུལ་ཅུང་ཟད་མི་འདྲ་བ་གཉིས་འབྱུང་ཡང་དོན་འདྲ་བར་སེམས། རྟོག་གེ་ཞེས་པ་ལེགས་སྦྱར་གྱི་ཏརྐཿཟུར་ཆག་པ་ཡིན་ནམ་སྙམ། རྟོག་གེ་ཞེས་པ་དབྱིན་ཡིག་ཏུ་guess, estimate ཟེར་བ་དང་འདྲ་བར་སྙམ། མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཡང་མཁས་པར་གྲགས་པ་ཁ་ཅིག་ན་རེ། སྡེ་བདུན་མདོ་དང་བཅས་པ་འདི་དག་གྲོལ་བ་དོན་གཉེར་ལ་ཉེ་བར་མཁོ་བ་མ་ཡིན་ཏེ། རྟོག་གེའི་བསྟན་བཅོས་ཡིན་པས་ནང་རིག་པའི་སྡེ་སྣོད་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ཡང་མི་འཐད་དེ། །འདི་ལྟར་རྟོག་གེ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཕྱི་རོལ་པའི་སྟོན་པ་དྲང་སྲོང་གླིང་སྐྱེས་ལ་སོགས་པའི་རྟོག་པས་བཏགས་པ་ཙམ་གྱི་སྒོ་ནས་བཞག་པའི་རྟོག་གེ་དང༌། ཡང་མདོ་སྡེ་རྒྱན་ལས། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །ཅེས་བཤད་པ་ལྟར། དངོས་པོའི་དེ་ཁོ་ན་ཉིད་དོན་སྤྱི་ཙམ་གཟུང་བའི་སྒོ་ནས། རྟོག་པས་ངེས་དགོས་ཀྱི། མངོན་དུ་མ་གྱུར་བ་ལ་རྟོག་གེར་བྱས་པའོ། །ཞེས་གསུངས་སོ། །མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་དུའང་ཚིག་རིས་དེ་ཇི་ལྟ་བ་བཞིན་འབྱུང་། རྗེ་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན་དུའང་དེ་དང་འདྲ་བ་འབྱུང་ངོ་། །2 སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ལའང་རྟོག་གེ་ཟེར། མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཡང་མདོ་སྡེ་རྒྱན་ལས། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །ཅེས་བཤད་པ་ལྟར། དངོས་པོའི་དེ་ཁོ་ན་ཉིད་དོན་སྤྱི་ཙམ་གཟུང་བའི་སྒོ་ནས། རྟོག་པས་ངེས་དགོས་ཀྱི། མངོན་དུ་མ་གྱུར་བ་ལ་རྟོག་གེར་བྱས་པའོ། །ཞེས་གསུངས། སྡེ་བདུན་ཡིད་ཀྱི་མུན་སེལ་དང་། ཚད་མ་རིགས་རྒྱན་དུ་དེ་ལྟར་འབྱུང་ངོ་། །3 གཏན་ཚིགས་རིག་པ། མཚན་ཉིད་རིག་པ། རྩོད་པའི་རིག་པ། སློབ་དཔོན་ཀླུ་སྒྲུབ་ཀྱི་༼ ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ ༽ལས། རྟོག་གེ་ཤེས་པའི་ང་རྒྱལ་གྱིས། །གང་ཞིག་རྩོད་པར་མངོན་འདོད་པ། །དེ་ཡི་ང་རྒྱལ་སྤང་པའི་ཕྱིར། །ཞིབ་མོ་རྣམ་འཐག་བཤད་པར་བྱ། །ཞེས་གསུངས། ཀླུ་སྒྲུབ་ཀྱི་༼ ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ ༽ལས་ཀྱང་ཚིག་རིས་དེ་ཇི་ལྟ་བ་བཞིན་འབྱུང་ངོ་། །མཁས་གྲུབ་ཆོས་རྗེའི་དཔལ་ལྡན་ས་གསུམ་མ་ལས། རྟོག་གེ་ལ་སྦྱངས་རྒོལ་བ་མཐའ་དག་གིས། །ལན་བརྒྱར་དཔྱད་ཀྱང་མགོན་པོ་ཁྱོད་ཀྱི་གསུང༌། །ཆ་ཙམ་རྣམ་པ་གཞན་དུ་གཡོ་བ་སྤངས། །དག་པའི་ཐུགས་མངའ་ཁྱོད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །4 རྟོག་དཔྱོད་དམ། རྟོག་དཔྱོད་བྱེད་པ། དཔྱད་པ་བྱེད་པ། བཞི་བརྒྱ་པའི་འགྲེལ་པ་ལས། དེའི་ཕྱིར་རྟོག་གེ་བ་རྣམས་ཀྱིས་རྟོག་གེ་བྱེད་པའི་ངལ་བ་དོན་མེད་པ་ཉིད་དུ་རྟོགས་སོ། །ཞེས་རྟོག་གེ་བྱེད་པ་ཞེས་པ་རྟོག་དཔྱོད་བྱེད་པར་གོ་དགོས་པས་སོ་སྙམ་མོ། །བོད་རྒྱ་ཚིག་མཛོད་ཆེན་མོ་ལས། གཏན་ཚིགས་ལ་བརྟེན་ནས་ལྐོག་དོན་སྨྲ་བ་སྟེ་རྟོག་པས་བཏགས་པའི་རིག་པ། ཞེས་གསལ་ལོ། །