986

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནད་གཅོད་ཀྱི་སྡུག་བསྔལ
Tibetan Definition (མཛོད) 1 འཆི་ནད་ཀྱི་སྡུག་བསྔལ་དྲག་པོ། སྒྲ་བཤད་ནི། ལུས་ཀྱི་གནད་ཆེ་ས་རྣམས་མཚོན་རྣོན་པོས་བཅད་པ་འདྲ་བའི་ཚོར་བ་མི་བཟད་པ་འབྱུང་བའི་ཕྱིར་གནད་གཅོད་ཀྱི་སྡུག་བསྔལ་ཞེས་བྱའོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། གནད་ཀྱི་ཕྱོགས་མཚོན་རྣོན་པོས་བཅད་པ་འདྲ་བའི་ཚོར་བ་འབྱུང་བའི་ཕྱིར་གནད་འཆད་པར་འགྱུར་བ་ཞེས་གསུངས་སོ། །ཞེས་གསུངས། ཡང་ན། རླུང་མཁྲིས་བད་ཀན་གསུམ་པོ་གང་རུང་གིས་ལུས་ཀྱི་འབྱུང་བའི་ནུས་པ་ཉམས་པའམ་རྒྱུན་བཅད་ནས་འཆི་བར་བྱེད་པའི་སྐབས་ཀྱི་སྡུག་བསྔལ་དྲག་པོ་ཡིན་པས་ན་གནད་གཅོད་ཀྱི་སྡུག་བསྔལ་ཞེས་བྱའོ། །དེ་ཡང་མཚོན་ཆ་རྣོན་པོས་གཅོད་པ་ལྟར་ཚོར་བ་མི་བཟད་པས་ཉམས་པར་བྱེད་པ་ལ་བཅད་པའི་སྒྲ་སྦྱར་བ་ཡིན་གྱི། དངོས་སུ་ཤིང་དུམ་བུར་གཅོད་པ་ལྟར་བཅད་པ་ནི་མ་ཡིན་ནོ། །དེ་ཡང་ཆུའི་འབྱུང་བ་ཤས་ཆེ་ཞིང་དྲག་ཏུ་འཁྲུགས་ན་བད་ཀན་གྱིས་གཅོད། མེ་ཤས་ཆེ་ན་མཁྲིས་པས་གཅོད། རླུང་ཤས་ཆེ་ན་རླུང་ནད་ཀྱིས་གཅོད་པར་བྱེད་དོ། །གནད་གཅོད་པ་ནི་ཆུ་སོགས་ཀྱིས། །ཞེས་པའི་མཛོད་རྩ་བ་དང་། དེའི་ཐད་ཀྱི་རང་འགྲེལ་དང་། མཆིམས་མཛོད་སོགས་ལ་གཞི་བྱས་ཏེ་བཀོད། མཛོད་རང་འགྲེལ་ལས། གནད་འཆད་པའི་ཚོར་བས་ཉེན་པའི་སྲོག་ཆགས་རྣམས་ནི་ཕལ་ཆེར་དེ་ལྟ་དེ་ལྟར་རིམ་གྱིས་འཆི་བར་འགྱུར་རོ། །གནད་གཅོད་པ་ནི་ཆུ་ལ་སོགས་ཀྱིས་ལུས་ཀྱི་ཕྱོགས་འགའ་ཞིག་ཉམས་ན་འཆི་བར་འགྱུར་བ་དེ་དག་ནི་གནད་རྣམས་ཞེས་བྱའོ། །དེ་དག་ཀྱང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་ལས་གང་ཡང་རུང་བ་ཞིག་དྲག་ཏུ་འཁྲུགས་པར་འགྱུར་བ་ནི་མཚོན་ཆ་ཐམས་ཅད་བདར་བས་བཏབ་པ་དང་འདྲ་བས་ཚོར་བ་མི་བཟད་པ་དག་གིས་བཅད་པས་བཅད་པ་ལྟ་བུ་ཡིན་གྱི། དེ་དག་ཤིང་གཅོད་པ་ལྟ་བུར་ནི་མ་ཡིན་ནོ། །ཡང་ན་བཅད་པ་དང་འདྲ་བར་ཡང་གཡོ་བ་མེད་པས་ན་བཅད་པ་ཞེས་བྱའོ། །ཅིའི་ཕྱིར་སའི་ཁམས་ཀྱིས་མ་ཡིན་ཞེ་ན། སྐྱོན་བཞི་པ་མེད་པའི་ཕྱིར་ཏེ། རླུང་དང་མཁྲིས་པ་དང་བད་ཀན་རྣམས་ནི་སྐྱོན་གསུམ་ཡིན་པ་དེ་དག་གི་གཙོ་བོ་ནི་ཅི་རིགས་པར་ཆུ་དང་མེ་དང་རླུང་གི་ཁམས་དག་ཡིན་ནོ། །ཞེས་གསུངས་སོ། །2 འཆི་བའི་ཚེ་འཁྲུལ་སྣང་སྣ་ཚོགས་ཀྱིས་བསྐྱེད་པའི་ལུས་སེམས་ཀྱི་སྡུག་བསྔལ། རྗེའི་ལམ་རིམ་ཆེན་མོ་ལས། མི་དགེ་བ་ཆེན་པོ་བྱེད་པ་རྣམས་ནི། མཚན་མ་མི་སྡུག་པ་དེ་དག་མཐོང་བས་ལུས་ལ་སྡུག་བསྔལ་འབྱུང་ཞིང་སྤུ་ཟིང་ཞེས་བྱེད་པ་དང་། རྐང་ལག་གཡོབ་པ་དང་བཤང་གཅི་འབྱུང་བ་དང་ནམ་མཁའ་ལ་རྙོབ་དང་མི་ལྡོག་པ་དང་ཁ་ནས་དབུ་བ་འབྱུང་བ་དང་དེ་འདྲ་བ་རྣམས་འབྱུང་ངོ་། །གལ་ཏེ་མི་དགེ་བ་འབྲིང་བྱེད་པ་ཡིན་ན་དེ་དག་ལས་ཁ་ཅིག་འབྱུང་ལ། ཁ་ཅིག་མི་འབྱུང་བས་རྫོགས་པར་མི་འབྱུང་ངོ་། །ལས་ཉེས་པ་བྱེད་པ་རྣམས་ལ་གནད་གཅོད་ཤིན་ཏུ་ཚབས་ཆེའོ། །གནད་གཅོད་ནི་ལྷ་དང་དམྱལ་བ་ (ལྷ་དང་དམྱལ་བ་རྫུས་སྐྱེས་ཡིན་པས་དེ་ལ་གནད་གཅོད་མེད་དོ) མ་གཏོགས་པའི་སྐྱེ་གནས་ཐམས་ཅད་ལ་ཡོད་དོ། །ཞེས་གསུངས་པ་ལྟར་རོ། །ཡང་རྗེའི་གསུང་ལས། དེའི་ཚེ་རྒྱལ་བ་འཁོར་དང་བཅས་པ་ལ་དམིགས་པའི་རབ་ཏུ་དད་པ་དྲག་པོ་སྐྱེས་ཏེ། གནད་གཅོད་ཀྱི་སྡུག་བསྔལ་མེད་པ་དང་། ཞེས་གསུངས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་ལས་ཀྱང་། གནད་གཅོད་ཀྱི་མཚོན་རྣོན་དྲག་པོས་བསྣུན། །ངན་སོང་གི་འཁྲུལ་སྣང་སྣ་ཚོགས་ཤར། །སྔར་བྱས་ཀྱི་ལས་ལ་འགྱོད་ཅིང་མཚེར། །ཨ་ཙ་མ་ཅི་བྱ་གཏོལ་མེད་གྱུར། །ཅེས་གསུངས་པ་ལྟར་རོ། །