9901

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡུལ་ཕྲ་རབ
Tibetan Definition (མཛོད) རྡུལ་ཕྲ་བའི་མཐར་ཐུག་པའམ་གཟུགས་ཀྱི་ཆུང་མཐའ་ལ་རྡུལ་ཕྲ་རབ་ཟེར། ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས། རྡུལ་ཕྲ་རབ་དག་ཅེས་བྱ་བ་ནི་རྡུལ་ཤིན་ཏུ་ཕྲ་རབ་དག་སྟེ། གང་ལ་དེའི་ཕ་རོལ་ན་ཕྲ་རབ་གཞན་མེད་པ་དེ་ནི་རྡུལ་ཕྲ་རབ་དག་ཅེས་བྱའོ། །ཞེས་གསུངས་སོ། །འདི་ལ་བྱེ་མདོས་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། རྡུལ་ཆ་མེད་ཀྱང་ཟེར།ཞིབ་པར་བཤད་ན། མངོན་པ་མཛོད་ལྟར་ན། འདི་ཉི་ཟེར་གྱི་རྡུལ་ཆ་༨༢༣,༥༤༣ ལ་བགོས་པའི་ཆ་གཅིག་ལ་ཟེར་ཞིང་། འདུལ་བ་ལུང་རྣམ་འབྱེད་ལྟར་ན་དྲུག་བསྒྱུར་དུ་རྩི་བས། ༢༧༩,༩༣༦ལ་བགོས་པའི་ཆ་གཅིག་གི་ཚད་ཡིན་ནོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽ ༡༢༡ན༤ལས། ཉི་ཟེར་གྱི་རྡུལ་བཞི་བཅུ་རྩ་དགུའི་ཆ་གཅིག་ལ་རྡུལ་ཕྲ་རབ་གཅིག་གོ །ཞེས་གསུངས་པ་ནི། འཇིག་རྟེན་བཞག་པའམ་གདགས་པ་ཞེས་བྱ་བ། སྡེ་དགེ་བསྟན་འགྱུར་༼ ཨི ༽༩བ༦ལས། ཉི་ཟེར་གྱི་རྡུལ་བཞི་བཅུ་རྩ་དགུའི་ཆ་གཅིག་ནི་རྡུལ་ཕྲ་རབ་ཡིན་ནོ། །རྡུལ་ཕྲ་རབ་བདུན་ལ་ནི། རྡུལ་ཕྲ་མོ་གཅིག་གོ། རྡུལ་ཕྲ་མོ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ། ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་གི་རྡུལ་གཅིག་གོ། རི་བོང་གི་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ། ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ། གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ། སྲོ་མ་བདུན་ལ་ནི་ཨ་བ་ག་ན་གཅིག་གོ། ཨ་བ་ག་ན་བདུན་ལ་ནི་བ་ཏི་ཀ་གཅིག་གོ། བ་ཏི་ཀ་བདུན་ལ་ནི་ནས་འབྲུ་གཅིག་གོ། ནས་འབྲུ་བདུན་ལ་ནི་སོར་གཅིག་ག་གོ། ཞེས་པའི་བཤད་ཚུལ་ཞིག་ཡོད་པས། དེ་དང་མཐུན་པར་བྱས་ཀྱང་། རྣམ་འབྱེད་འགྲེལ་ནི་ལུང་རྣམ་འབྱེད་ཀྱི་འགྲེལ་པ་ཡིན་པས་རྩ་བ་དང་མཐུན་པར་འགྲེལ་དགོས་ལ། རྩ་བ་འདུལ་བ་ལུང་རྣམ་འབྱེད་༼ ཉ་པ ༽༢༣༩ན༥ལས་ནི་འདི་ལྟར་གསུངས་ཏེ། དགོན་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོ་གཅིག་གོ། རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ། ཆུ་རྡུལ་དྲུག་ལ་ལྕགས་རྡུལ་གཅིག་གོ། ལྕགས་རྡུལ་དྲུག་ལ་རི་བོང་གི་རྡུལ་གཅིག་གོ། རི་བོང་གི་རྡུལ་དྲུག་ལ་ལུག་རྡུལ་གཅིག་གོ། ལུག་རྡུལ་དྲུག་ལ་གླང་རྡུལ་གཅིག་གོ། གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག་གོ། ཉི་ཟེར་གྱི་རྡུལ་དྲུག་ལ་སྲོ་མ་གཅིག་གོ། སྲོ་མ་གཅིག་ལ་ཤིག་གཅིག་གོ། ཤིག་གཅིག་ལ་ནས་གཅིག་གོ། ནས་དྲུག་ལ་སོར་གཅིག་གོ། སོར་དྲུག་ལ་ཁྲུ་གང་ངོ་། །ཞེས་གསུངས་པས་དེ་དང་འགལ་བར་འགྱུར་རོ། །ཡང་རྒྱ་ཆེར་རོལ་པའི་མདོ་ལས་འདི་ལྟར་གསུངས་ཏེ། རྡུལ་ཕྲ་རབ་ཀྱི་རྡུལ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ། རྡུལ་ཕྲ་མོ་བདུན་ལ་ནི་ཆུང་ངུ་གཅིག་གོ། རྡུལ་ཆུང་དུ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ། ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་རྡུལ་གཅིག་གོ། རི་བོང་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ། ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ། གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ། སྲོ་མ་བདུན་ལ་ནི་ཡུངས་འབྲུ་གཅིག་གོ། ཡུངས་འབྲུ་བདུན་ལ་ནི་ནས་གཅིག་གོ། ནས་བདུན་ལ་ནི་སོར་གཅིག་གོ། སོར་བཅུ་གཉིས་ལ་ནི་མཐོ་གང་ངོ་། །མཐོ་དོ་ལ་ནི་ཁྲུ་གང་ངོ་། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །གཞུ་སྟོང་ལ་ནི་ཡུལ་མ་ག་དྷའི་རྒྱང་གྲགས་གཅིག་གོ། རྒྱང་གྲགས་བཞི་ལ་ནི་དཔག་ཚད་གཅིག་གོ །ཞེས་གསུངས་སོ། །འདི་ལ་ད་དུང་ཡང་ཞིབ་ཏུ་དཔྱད་དགོས་པ་ཡོད་དོ། །