9929

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་གདན
Tibetan Definition <བཛྲ་ས་ན> སྔོན་སྟོན་པས་གང་དུ་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་བྱང་ཆུབ་མངོན་དུ་མཛད་པའི་བྱང་ཆུབ་ཀྱི་ཤིང་དྲུང་གི་འོག་གི་རྡོ་རྗེ་རྒྱ་གྲམ་གྱི་ས་གཞི་དེ་ལ་བཛྲ་ས་ན་སྟེ་རྡོ་རྗེ་གདན་ཞེས་ཟེར་ལ། རྡོ་རྗེ་གདན་ཞེས་པའི་ཐོག་མའི་མིང་འཇུག་གཞི་ཡང་འདི་ཡིན་པར་སེམས་ཤིང༌། དེ་ནས་རིམ་གྱིས་ཉེ་འཁོར་གྱི་ཡུལ་ལྗོངས་ལའང་རྡོ་རྗེ་གདན་ཞེས་མིང་ཐོགས་སོ། །སྒྲ་བཤད་ནི། རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་རྒྱབ་ལ་བྱང་ཆུབ་ཀྱི་ཤིང༌། དེའི་འོག་ན་རྡོ་རྗེ་རྒྱ་གྲམ་གྱི་ས་གཞིར་རྒྱར་དཔག་ཚད་ཕྱེད་པ་ཡོད་པས་རྡོ་རྗེ་གདན་ནོ། །ཞེས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འཆད་ཚུལ་དེ་ནི། རྒྱ་ཆེར་རོལ་པའི་མདོ་ལས། གང་དུ་བྱང་ཆུབ་སེམས་དཔའ་འདུག་ནས་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པའི་ས་ཕྱོགས་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡོ་རྗེའི་དཀྱིལ་ཏེ། སྲ་བ། སྙིང་པོ་ཡོད་པ། མི་ཕྱེད་པ། རྡོ་རྗེའི་རང་བཞིན་དུ་གནས་པར་འགྱུར་རོ། །ཞེས་གསུངས་པ་དང་མཐུན་ནོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པར་བྱེད་པས་ཆ་ནས་དེ་སྐད་ཅེས་བྱ་བའི་འཆད་ཚུལ་གཉིས་སྣང་ངོ༌། །དབྱིག་གཉེན་གྱི་མཛོད་རང་འགྲེལ་ལས་ནི་འགྲེལ་ཚུལ་ཕྱི་མ་ལྟར་བྱས་པ་ཡིན་ཏེ། དེ་ཉིད་ལས། འཛམ་བུ་གླིང་དེའི་དབུས་གསེར་གྱི་རང་བཞིན་གྱི་ས་གཞི་ལ་གང་དུ་བྱང་ཆུབ་སེམས་དཔའ་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པར་མཛད་པ་རྡོ་རྗེའི་གདན་མངོན་པར་འགྲུབ་སྟེ། དེ་ནི་ལུས་སམ་ས་ཕྱོགས་གཞན་གྱིས་བཟོད་པར་མི་ནུས་སོ། །ཞེས་གསུངས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་སྟོད་ཆ་༢༡༨ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟེན་གང་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པར་མཛད་པའི་རྡོ་རྗེའི་གདན། ཞེས་འཆད་ཚུལ་ཕྱི་མ་ལྟར་མཛད་དོ། །ཡང་ཕྱི་རོལ་པའི་རིག་བྱེད་ལས་རྡོ་རྗེ་གདན་ཞེས་པའི་སྒྲ་བཤད་ཚུལ་མི་འདྲ་བ་འདི་ལྟར་ཡོད་དེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་དྲི་མེད་ཤེལ་ཕྲེང་༨༣ལས། སྔོན་རི་རབ་ཀྱི་ཁོང་གསེང་དུ་བདེན་པའི་མཐུ་བརྙེས་པའི་དྲང་སྲོང་ཞོ་འཐུང་ཞེས་བྱ་བ་ཞིག་ཡོད་པ་དེ་ཚེ་འཕོས་པའི་རུས་པ་ནི་རྡོ་རྗེའི་རང་བཞིན་ཡིན་ཏེ། རུས་པ་དེ་ལྷ་དང་ལྷ་མིན་སོགས་ཀྱིས་ཁྱེར་བ་ལས། རྐང་པའི་རུས་པ་ལས་བརྒྱ་བྱིན་གྱི་ཕྱག་མཚན་རྡོ་རྗེ་རྩེ་བརྒྱ་པ་དང་། རྩིབ་མ་ལས་དབང་ཕྱུག་གི་གདུང་ཐུང་། སོག་པ་ལས་ཁྱབ་འཇུག་གི་འཁོར་ལོ་སོགས་འཆོས་པར་བྱས་པའི་ཚེ། དེ་སྟེང་ཕྱོགས་ལྷ་ཡུལ་དུ་འཆོས་པའི་ཕྱེ་མ་འཛམ་གླིང་དབུས་སུ་བབས་པའི་ཁར་ཡུལ་ཆགས་པ་ལ་རྡོ་རྗེའི་གདན་ཞེས་གྲགས་པས་རྡོ་རྗེའི་མཐུས་མཐར་སྲིད་པ་ཡོངས་སུ་ཞིག་པའི་དུས་ཀྱང་རྒྱ་གར་རྡོ་རྗེ་གདན་མི་འཇིག་པར་ནམ་མཁར་ཟོ་ཞབས་ལྡིང་པ་ལྟར་འདུག་ཅེས་བཤད་པ་དང་། ཞེས་གསུངས་སོ། །རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ཁོར་ཡུག་གི་རྡོའི་ལྕགས་རི་རྣམས་ཀླུ་སྒྲུབ་ཀྱིས་བཞེངས་ཞེས་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཡིག་དེབ་གཟུགས་༢༤ལས། གན་དྷོ་ལ་དང་། བྱང་ཆུབ་ཀྱི་ཤིང་བཅས་ཁྱམས་རྡོའི་དྲ་མིག་ཟླུམ་ཅན་གྱིས་བསྐོར་ཞིང་། དྲ་མིག་དེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེངས་པ་ཇི་ལྟ་བར་འདུག་གོ། ཞེས་བཤད་ཀྱང་། བསྟན་འགྱུར་ནང་དེ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པར་གསུངས་ཏེ། བྱང་ཆུབ་ཆེན་པོ་མདོར་བསྟན་པ་ཞེས་བྱ་བ། སྡེ་དགེ་བསྟན་འགྱུར་རྒྱུད་༼ ཚུ ༽༡༠༧ན༢ལས། བྱང་ཆུབ་ཆེན་པོའི་དྲི་གཙང་ཁང་དང་ཉེ་བར་རྡོའི་ལྕགས་རི་རབ་བདུན་གྱི་ཁོར་ཡུག་གིས་བསྐོར་བ། བྱང་ཆུབ་ཀྱི་ཤིང་བསྲུང་བའི་དོན་དུ་འབྲོག་དགོན་པའི་གླང་པོ་ཆེའི་ཚོགས་ཀྱིས་གནོད་པའི་འཇིགས་པ་ལས་བསྲུང་བའི་ཕྱིར་སྟོབས་ཀྱི་འཁོར་ལོས་སྒྱུར་བ་དཔལ་ལྡན་ཆོས་ཀྱི་མྱ་ངན་མེད་ཀྱིས་བྱས་སོ། །ཞེས་གསལ་བར་གསུངས་སོ། །