9942

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་དམྱལ་བ
Tibetan Definition (གསང་སྔགས) དམྱལ་བ་མནར་མེད་དང་དོན་གཅིག དེ་ཡང་འཇིག་རྟེན་གྱི་ཁམས་ཆགས་པ་ནས་མ་ཞིག་གི་བར་གནས་པས་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པའི་ཚེ་ཚད་ཅན་གྱི་དམྱལ་ཁམས་ཤིག་གོ། རྡོ་རྗེ་དམྱལ་བ་ཞེས་པ་ནི་གསང་སྔགས་ཀྱི་བརྡ་ཆད་ཅིག་ཡིན། འོན་ཀྱང་རྗེ་ཙོང་ཁ་པ་ཆེན་པོའི་གསང་སྔགས་ཀྱི་གཞུང་ཆེན། རིམ་ལྔ་གསལ་སྒྲོན། རིམ་ལྔ་གདན་རྫོགས། སྔགས་རིམ་ཆེན་མོ། འགྲེལ་པ་བཞི་སྦྲགས། རྣམ་གཞག་རིམ་པའི་རྣམ་བཤད། སྦས་དོན་ཀུན་གསལ། བདེ་མཆོག་འགྲེལ་པ་འདོད་འཇོ། དབང་དོན་དེ་ཉིད་རབ་གསལ་སོགས་སུ་ནི་དམྱལ་བ་དང་དམྱལ་བ་ཆེན་པོ་ཞེས་པ་ཙམ་ལས་རྡོ་རྗེ་དམྱལ་བ་ཞེས་པའི་ཐ་སྙད་མི་སྣང་ངོ་། །བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱི་གསུང་རྒྱལ་དབང་ཆོས་རྗེའི་སྤྲུལ་སྐུའི་དྲིས་ལན་༡༤ལས། མནར་མེད་དང་རྡོ་རྗེ་དམྱལ་བ་གཉིས་ལ་གནས་ཐ་དད་པ་སོ་སོར་བཤད་པ་མེད་ཀྱང་། ཚེ་ཚད་དང་སྡུག་བསྔལ་ལ་ཁྱད་པར་ཡོད་དེ། མནར་མེད་ཀྱི་ཚེ་ཚད་ནི་བར་བསྐལ་གཅིག རྡོ་རྗེ་དམྱལ་བའི་ཚེ་ཚད་བསྐལ་ཆེན་གཅིག་དང་། ཤིན་ཏུ་རིང་བ་རྣམས་བསྐལ་པ་མཐའ་ཡས་པར་གནས་པར་བཤད། སྡུག་བསྔལ་ཡང་འབུམ་འགྱུར་དུ་གསུངས། སྔགས་ཀྱི་དམ་ཚིག་ཉམས་ཚད་རྡོ་རྗེའི་དམྱལ་བར་སྐྱེ་བར་མ་ངེས་ཏེ། སྔགས་ཀྱི་སྦོམ་པོ་སོགས་ཀྱིས་ཉམས་པས་ཡང་སོས་ནས་རབ་ཏུ་ཚ་བའི་བར་སྐྱེ་བར་བཤད། རྡོ་རྗེ་དམྱལ་བ་ཞེས་པའི་གོ་དོན་དེར་སྐྱེ་བའི་རྒྱུ། སྔགས་ཀྱི་སློབ་དཔོན་ལ་སྙིང་ནས་སྨོད་པའི་རྩ་ལྟུང་དེ་ནི་སྔགས་པ་མཐའ་དག་གིས་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་དེ། རྡོ་རྗེ་ལྟར་འདའ་བར་མི་རུང་བ་ཡིན་ལ། དེ་ལས་འདས་པའི་དབང་གིས་གང་དུ་འགྲོ་བའི་གནས་ལ་རྡོ་རྗེའི་དམྱལ་བ་ཞེས་རྒྱུའི་སྒོ་ནས་བརྗོད་པ་དང་། འབྲས་བུ་དམྱལ་བ་དེ་ཡང་། རྒྱུ་གཞན་གྱིས་དེ་ལས་གྲོལ་བར་དཀའ་ཞིང་འདའ་བར་མི་ནུས་པས་ན་དེ་ལྟར་བཤད། ཞེས་གསུངས། སྒྲ་བཤད་ནི། རྡོ་རྗེའི་གཞིར་གནས་ཤིང་རྡོ་རྗེའི་ཁབ་རྩེ་ཕྲ་མོའི་ཚོགས་ཀྱིས་ལུས་འབིགས་པའི་སྡུག་བསྔལ་ཡོད་པའི་ཕྱིར་རྡོ་རྗེའི་དམྱལ་བ་ཞེས་པའམ། ཡང་ན་ཐབས་ཤེས་དབྱེར་མི་ཕྱེད་པའི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེ་ཞེས་བྱའམ། ཡང་ན་རྡོ་རྗེ་སློབ་དཔོན་ལེགས་པར་མ་བསྟེན་པའི་འབྲས་བུའི་དམྱལ་བ་ཡིན་པས་རྡོ་རྗེ་དམྱལ་བ་ཞེས་བྱའོ།།མདོ་ནས་བཤད་པའི་དམྱལ་བ་མནར་མེད་དང༌། སྔགས་ཀྱི་རྡོ་རྗེའི་དམྱལ་བ་དོན་གཅིག་ཡིན་ལ། འོན་ཀྱང་གསང་སྔགས་ཐབས་ཤེས་མི་ཕྱེད་པའི་གནས་མཚོན་པའི་ཕྱིར་ཐབས་ཅད་རྡོ་རྗེའི་ཐ་སྙད་ཀྱིས་འཆད་པས་དམྱལ་བ་ལའང་རྡོ་རྗེའི་དམྱལ་བ་ཞེས་བཏགས་པའོ། །ཞེས་མཁས་པ་འགའ་གསུང༌། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༣༨༦ལས། རྡོ་རྗེ་དམྱལ་བའི་མཚན་ཉིད་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། ཕྱིའི་རྒྱ་མཚོ་ཆེན་པོ་ལ་སྐྲ་ཉག་མ་གཅིག་གི་རྩེ་མོས་ཆུ་གཏོར་བས་མ་ཟད་ཀྱི་བར་དུ་སྡུག་བསྔལ་ཆེན་པོ་མྱོང་བར་བཤད་དེ། ཨ་ཝ་ཝ་གསུང༌། ཞེས་གསུངས་པ་ལྟར་རོ། །ཡང་དུས་འཁོར་ལས་ནི་ས་དཀྱིལ་གྱི་སྟོད་དུ་ཀླུ་རྣམས་གནས་ཤིང༌། སྨད་དུ་སའི་དམྱལ་བ་གནས་ལ། དེའི་འོག་དུ་ཆུ་མེ་རླུང་གསུམ་གྱི་དཀྱིལ་འཁོར་ལ་རང་རང་གི་དམྱལ་བ་གནས་པར་བཤད་དོ། །