9944

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་ཕ་ལམ
Tibetan Definition <བཛྲ་ཧི་ར> རྡོ་རྗེ་ཕ་ལམ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུར་དབང་བཙན་པ་ཡིན་པས་རིན་ཆེན་གཞན་གང་ཡང་གཅོད་པ་དང་། བརྡར་བ། འབུགས་པ་སོགས་བྱེད་ནུས་པའི་རྡོའི་རིགས་ཀྱི་རིན་པོ་ཆེ་ཞིག རྡོ་རྗེ་ནུས་པས་ཐོག་ཀུན་བཟློག་པར་བྱེད། ཅེས་དང་། རུ་ཏྲའི་སྨྲེ་སྔགས་སུའང་། རྡོ་རྗེ་ཡིས་ནི་རིན་ཆེན་ཕམ། །ཞེས་སོ། །འདི་ལ་བཛྲ་ཧི་ར། ཞེས་པ་རྡོ་རྗེ་ཕ་ལམ་ཡིན་ལ། འདི་ལ་རིགས་བཞི་ཡོད་པའི་མཆོག་ནི། བཛྲ་བྷཱུ་ཧི་ར། ཞེས་ས་ལས་བྱུང་བ་ནི། མེས་མི་འཚིག་པ་དང་། བརྡུངས་པས་མི་འཇིག་པ། བཅད་པས་མི་ཆོད། བརྡར་བས་མི་འཛད་པ་ཡིན་ལ་རྡོ་རྗེ་ཆེན་པོ་ཡང་ཟེར། ཤིན་ཏུ་དྭངས་ལ་དམར་ཞིང་སྨུག་པ་ཞིག་གོ། གོང་ཐང་གསེར་ཉི་ཤུ་རྩ་ལྔའི་སྐོར་ཐང་འཇལ་དགོས་པའོ། །རབ་ནི་བཛྲ་ཤཻ་ལ་ཧི་ར། ཞེས་རྡོ་ལས་བྱུང་བ་སྟེ་ནུས་པ་སྔ་མ་ལས་དམན་པས་མེས་བསྲེགས་ན་འཇིག་པར་ནུས་པ་མ་གཏོགས་ཡོན་ཏན་གཞན་གསུམ་སྔ་མ་ལྟར་རོ། །གལ་ཏེ་ཆག་ནའང་དཀྱུས་ལ་དུམ་གསུམ་ཁོ་ན་ཆག་གོ། འདི་ལ་རྡོ་རྗེ་ཆུང་བ་ཟེར། དེ་ནི་ཁ་དོག་སྔ་མ་ལས་དམར་ཤས་ཆེ་བ་སྟེ་སྔ་མ་ལས་ལྔ་སྐོར་གྱིས་གོང་དམན་པས་གསེར་ལྔ་སྡེ་རི་བ་ཡིན། འདི་གཉིས་ཡུལ་དབུས་དང་ལྷོ་ཕྱོགས་བྷཻ་ཏ་བྷི་རའི་ཡུལ་ཁོ་ན་ནས་འབྱུང་། འབྲིང་བ་ནི། བཛྲ་ཧི་རནྡྲེ། ཞེས་པ་དམར་སྨུག་དྭངས་ལ་རིན་ཆེན་གཞན་དྲ་གཅོད་ཐོགས་པ་མེད་པ་སྟོད་ནས་འབྱུང་བས་དངུལ་ལྔ་སྐོར་རི་བ་ཡིན། དམན་པ་ཀོ་རཉྫ་ཞེས་པ་སྨུག་ཤེས་ཆེ་ལ་སྔ་མ་ཙམ་མི་དྭངས་ཤིང་ངར་ཡང་སྔ་མ་ལས་ཆུང་བ་ཞོ་རེར་དངུལ་སྐར་དོ་རི་བ་ཡུལ་ཡར་ལུང་དང་ཁམས་ཕྱོགས་མ་ངེས་པ་ནས་འབྱུང་བའོ། །ཞེས་དང་། ཕྱི་རོལ་པའི་རིག་བྱེད་ཀྱི་གཞུང་ནས་བཤད་པའི་རྡོ་རྗེ་ཕ་ལམ་གྱི་ལོ་རྒྱུས་ནི། སྔོན་རི་རབ་ཀྱི་ཁོང་གསེང་དུ་བདེན་པའི་མཐུ་བརྙེས་པའི་དྲང་སྲོང་ཞོ་འཐུང་ཞེས་བྱ་བ་ཞིག་ཡོད་པ་དེ་ཚེ་འཕོས་པའི་རུས་པ་ནི་རྡོ་རྗེའི་རང་བཞིན་ཡིན་ཏེ། རུས་པ་དེ་ལྷ་དང་ལྷ་མིན་སོགས་ཀྱིས་ཁྱེར་བ་ལས། རྐང་པའི་རུས་པ་ལས་བརྒྱ་བྱིན་གྱི་ཕྱག་མཚན་རྡོ་རྗེ་རྩེ་བརྒྱ་པ་དང་། རྩིབ་མ་ལས་དབང་ཕྱུག་གི་གདུང་ཐུང་། སོག་པ་ལས་ཁྱབ་འཇུག་གི་འཁོར་ལོ་སོགས་འཆོས་པར་བྱས་པའི་ཚེ། དེ་སྟེང་ཕྱོགས་ལྷ་ཡུལ་དུ་འཆོས་པའི་ཕྱེ་མ་འཛམ་གླིང་དབུས་སུ་བབས་པའི་ཁར་ཡུལ་ཆགས་པ་ལ་རྡོ་རྗེའི་གདན་ཞེས་གྲགས་པས་རྡོ་རྗེའི་མཐུས་མཐར་སྲིད་པ་ཡོངས་སུ་ཞིག་པའི་དུས་ཀྱང་རྒྱ་གར་རྡོ་རྗེ་གདན་མི་འཇིག་པར་ནམ་མཁར་ཟོ་ཞབས་ལྡིང་པ་ལྟར་འདུག་ཅེས་བཤད་པ་དང་། དེ་ལས་འཆོས་པའི་མཚོན་ཆ་རྣམས་ཀྱང་ཕ་རོལ་གྱི་མཚོན་ཆ་ཅིས་ཀྱང་མི་ཚུགས་ཤིང་མི་ཤིགས་པ་དང་། རྡོ་རྗེའི་མཚོན་ཆ་དེ་སྡང་ཚད་ལ་བརྒྱབ་པ་དང་། བརྒྱབ་ཚད་ལ་ཕོག་པ་དང་། ཕོག་ཚད་འཆི་བ་དང་། ཤི་ཚད་འདྲེན་པ་སྟེ་དམ་བཅའ་བཞི་ལྡན་དུ་གྲགས་པ་དེ་ལྟ་བུའི་རིགས་ཡུལ་ཕལ་ཆེར་དུ་ཕྱེ་མ་འཐུལ་བ་ལས་བྱུང་ངོ་། །དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་དྲི་མེད་ཤེལ་ཕྲེང་༨༣ལ་གཞི་བྱས། མར་ཀོ་པོ་ལོའི Marco Polo ལམ་ཡིག་༢༩༧ལེའུ་༡༩པའི་ནང་རྡོ་རྗེ་ཕ་ལམ་གྱི་ལོ་རྒྱུས་སྙན་པོ་ཞིག་ཀྱང་ཡོད་པས་གཟིགས་པར་ཞུ།