995

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནད་བཞི
Tibetan Definition (དབུ་མ) ང་རང་བཞིན་གྱིས་མེད་པར་གཏན་ལ་དབབ་པ་ལ་གནད་བཞིའི་སྒོ་ནས་གཏན་ལ་དབབ་དགོས་པས། གནད་བཞི་ནི། དགག་བྱ་ངེས་པའི་གནད། ཁྱབ་པ་ངེས་པའི་གནད། ཕྱོགས་ཆོས་ཀྱི་ཟུར་དང་པོ་བདེན་པའི་གཅིག་ཏུ་མ་གྲུབ་པར་ངེས་པའི་གནད། ཕྱོགས་ཆོས་ཀྱི་ཟུར་ཕྱི་མ་བདེན་པའི་ཐ་དད་དུ་མ་གྲུབ་པར་ངེས་པའི་གནད་དང་བཞིའོ། །གནད་བཞི་དང་ཚད་མ་བཞི་ཞེས་ཐ་སྙད་མི་འདྲ་བ་གཉིས་འབྱུང་ཡང་། ཐ་སྙད་སྦྱོར་ཚུལ་ཙམ་ལས་དོན་ལ་གནད་གཅིག་ཡིན་ནོ། །དེ་ལ་དང་པོ་དགག་བྱ་ངེས་པའི་གནད་ནི། རང་རྒྱུད་ལ་བརྟགས་ཏེ་གང་ཟག་གི་བདག་ཏུ་འཛིན་ལུགས་ངོས་ཟིན་པར་བྱ་བ་ཡིན་ཏེ། དེ་ནི་སྔར་བཤད་དོ། །གཉིས་པ་ཁྱབ་པ་ངེས་པའི་གནད་ནི། གང་ཟག་དེ་རང་བཞིན་གྱིས་གྲུབ་ན་ཕུང་པོ་དང་ངོ་བོ་གཅིག་དང་ཐ་དང་གང་རུང་དུ་གྲུབ་དགོས་ཀྱི། དེ་གཉིས་ལས་གཞན་དུ་གྲུབ་ཐབས་མེད་པར་ཐག་བཅད་པའོ། །དེ་ནི་སྤྱིར་བུམ་པ་དང་ཀ་བཞེས་པ་ལྟ་བུ་ཟླ་བཅས་སུ་ཚུར་ཡོངས་སུ་གཅོད་པ་ན། ཟླ་མེད་ཡིན་པ་ཕར་རྣམ་པར་གཅོད་ཅིང༌། བུམ་པ་ཞེས་པ་ལྟ་བུ་ཟླ་མེད་དུ་ཚུང་ཡོངས་སུ་གཅོད་པ་ན། ཟླ་བཅས་ཡིན་པ་ཕར་རྣམ་པར་གཅོད་པ་མྱོང་བས་གྲུབ་པས། གཅིག་དང་དུ་མ་གང་ཡང་མིན་པའི་ཕུང་གསུམ་མེད་ལ། དེའི་ཕྱིར་ངོ་བོ་གཅིག་དང་ཐ་དད་གཉིས་གང་ཡང་མིན་པ་ཡང་མི་སྲིད་པར་ངེས་པར་བྱེད་པའོ། །གསུམ་པ་ཕྱོགས་ཆོས་ཀྱི་ཟུར་དང་པོ་བདེན་པའི་གཅིག་ཏུ་མ་གྲུབ་པར་ངེས་པའི་གནད་ནི། གང་ཟག་དང་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པའི་ངོ་བོ་གཅིག་ཡིན་པ་ལ་གནོད་པ་མཐོང་བའོ། །བཞི་པ་ནི་དེ་གཉིས་རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་པ་ལ་གནོད་བྱེད་ལེགས་པར་མཐོང་བའོ། །དེ་ལྟར་བཞི་ཚང་ན་དེ་ནས་གང་ཟག་གི་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་རྣམ་དག་སྐྱེའོ། །འདི་རྗེའི་ལམ་རིམ་འབྲིང་པོ་ལ་གཞི་བྱས་ཏེ་བཀོད་དོ། །