2583

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:08, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀོ་ལྤགས་ཀྱི་གཞི་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། འདུལ་བ་གཞིའི་སྡེ་ཚན། དེའི་ནང་གསེས་ཀོ་ལྤགས་ཀྱི་གཞི་ནི། ཡན་ལག་གི་སྡེ་ཚན་དགུས་བསྟན་ཡོད། བཀའ་འགྱུར་འདུལ་བ་ཀ་པར་བཞུགས།
Domain ཆོས་ལུགས།
ཀོ་ལྤགས་ཀྱི་གཞི་ (2)
Part of speech མིང་ཚིག
Definition འདུལ་བའི་གོས་ཀྱི་གཞི་གསུམ་གྱི་ཡ་གྱལ་ཞིག དམིགས་བསལ་དང་འབྲེལ་བ་ཀོ་ལྤགས་ཀྱི་གཞི་སྟེ། ཡུལ་དབུས་སུ་དགེ་སློང་རྣམས་གནས་མལ་སྐྱོབ་པ་སོགས་ཆོས་ལྡན་གྱི་བྱ་བའི་ཆེད་དུ་ཀོ་ལྤགས་ཀྱི་ལྷམ་ཙམ་གནང་བ་དང་། གཙུག་ལག་ཁང་གཞན་དུ་སྟན་མེད་ན་ཀོ་ལྤགས་ཀྱི་གདན་གནང་བ་དང་། མཐའ་འཁོབ་ཏུ་གྲང་བ་སྐྱོབ་པའི་ཕྱིར་ལྷམ་དང་མལ་སྟན་གཉིས་ཀ་གནང་བའོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ལྟར་གོས་ཀྱི་གཞི་བཤད་ནས། ད་ནི་ཀོ་ལྤགས་ཀྱི་གཞི་བཤད་པར་བྱ་བ་ཡིན་ལ། དེའི་དབང་དུ་མཛད་ནས། ཡུལ་དབུས་ཀྱི་མཚམས་སོ། །ཤར་དུ་ནི་ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་ཞེས་སོགས་ཀྱི་མདོ་གསུངས། དོན་བཤད་ན་བཞིར་འགྱུར་ཏེ། ཡུལ་དབུས་དང་མཐའ་འཁོབ་ཀྱི་མཚམས་བསྟན་པ། མཆིལ་ལྷམ་གནང་བ་དང་མི་གནང་བའི་མཚམས། ཀོ་ལྤགས་རུང་བ་དང་མི་རུང་བའི་མཚམས། ཆུ་ལ་ལོངས་སྤྱོད་པའི་ཐབས་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྡོ་རྗེ་གདན་དབུས་སུ་བཞག་པའི་ཤར་ན་ལི་ཁ་རའི་ཤིང་ཚང་ཚིང་ཅན་ཡོད་པ་དེ་ཚུན་ཆད་དབུས་དང་། ཕན་ཆད་མཐའ་འཁོབ་ཡིན། ལྷོ་ན་ཆུ་ཀླུང་དེ་བ་ཞེས་པ་ཡོད་པ་དེ་ཚུན་ཆད་དབུས་དང་ཕན་ཆད་མཐའ་འཁོབ་ཡིན། ནུབ་ན༌བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་གཉིས་ཡོད་པ་དེ་ཚུན་ཆད་དབུས་དང་། ཕན་ཆད་མཐའ་འཁོབ་ཡིན། བྱང་ན་ཨུ་ཤི་རིའི་རི་ཡོད་པ་དེ་ཚུན་ཆད་དབུས་དང་། ཕན་ཆད་མཐའ་འཁོབ་ཡིན་པའི་ཕྱིར། དེ་བཞི་དང་རྡོ་རྗེ་གདན་གྱི་བར་ཐག་ཏུ་དཔག་ཚད་དྲུག་ཅུ་ཡོད་པར་ལོ་ཙྪ་བ་མང་པོས་འཆད་ཀྱང་བཅུ་དྲུག་ཡོད་པ་རང་ལུགས་སུ་བྱའོ། །ཁ་ཅིག ། ཤིང་ཚང་ཚིང་ཅན་སོགས་བཞི་པོ་ཡུལ་དབུས་དང་མཐའ་འཁོབ་གར་གནས་དཔྱད་པ་ནི་བདག་ཉིད་ངལ་བར་བྱེད་པ་ཡིན་ཏེ། དེ་བཞི་དབུས་དང་མཐའ་འཁོབ་ཀྱི་མཚམས་ཡིན་པའི་ཕྱིར་ཏེ། ཡུལ་དབུས་ཀྱི་མཚམས་སོ་ཞེས་འབྱུང་བས་སོ། །རྩ་རྟགས་གཉིས་པ་ཡོད་དེ། སྤྱིར་བཏང་ལ་ཡུལ་དབུས་སུ་མཆིལ་ལྷམ་མ་གནང་ལ། མཐའ་འཁོར་ཏུ་གནང་བའི་ཕྱིར་ཏེ། མདོར་མཐའ་འཁོབ་ཏུ་མཆིལ་ལྷམ་དག་བཅང་བར་བྱའོ་ཞེས་འབྱུང་བས་སོ། །དམིགས་ཀྱིས་བསལ་ན། དབུས་སུའང་མཆིལ་ལྷམ་གནང་བ་ཡོད་དེ། གནས་མལ་སྐྱོབ་པའི་ཕྱིར་ཡང་ངོ་ཞེས་གསུངས། གསུམ་པ་ཡོད་དེ། སྤྱིར་བཏང་ལ་ཡུལ་དབུས་སུ་ཀོ་ལྤགས་ལ་ལོངས་སྤྱད་དུ་མི་རུང་ལ། མཐའ་འཁོབ་ཏུ་ལོངས་སྤྱོད་དུ་རུང་བའི་ཕྱིར་ཏེ། དེར་ཀོ་ལྤགས་ཀྱི་གདིང་བ་དང་། ལྷམ་སྦུ་གཞུ་ཅན་ལ་ལོངས་སྤྱད་དུ་རུང་བའི་ཕྱིར། དམིགས་ཀྱིས་བསལ་ན་ཡུལ་དབུས་སུའང་དེ་ལ་ལོངས་སྤྱོད་དུ་རུང་བ་ཡོད་དེ། དེར་མིག་ནད་ཅན་གྱི་རྐང་མཐིལ་དུ་དོམ་ལྤགས་དང་། རླུང་ནད་ཅན་གྱིས་དོམ་ལྤགས་ཀྱི་སྟན་ལ་ལོངས་སྤྱོད་དུ་རུང་བར་གསུངས་པའི་ཕྱིར། ཞེས་གསུངས།